ཞིང་ཆེན་སྲིད་གྲོས་ཀྱིས་རིམ་པ་གསུམ་གྱི་སྲིད་གྲོས་ཨུ་ཡོན་གྱི་བྱེད་སྒོ་ཉིན་མོའི་བྱ་འགུལ་སྤེལ།
2025.06.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ6པའི་ཚེས12ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། གྲོང་ཁྱེར་དང་ཁུལ་གྱི་སྲིད་གྲོས་ཨུ་ཡོན་སྐོར་ཞིག་རྩ་འཛུགས་བྱས་ནས་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་རྒྱུར་གཙིགས་འཛིན་བྱེད་པ་དང་། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རོགས་ཤུགས་འདོན་པ་བརྗོད་དོན་ཡིན་པའི་ཨུ་ཡོན་གྱི་བྱེད་སྒོ་ཉིན་མོའི་བྱ་འགུལ་སྤེལ།

ཀྲུང་གོ་དབྱི་ཏུང་མཐོ་སྒང་གཞི་གྲངས་ཆེན་པོའི་ལྟེ་གནས་ནི་མདོ་དབུས་མཐོ་སྒང་གི་ཆེས་སྔ་བ་དང་གཞི་ཁྱོན་ཆེས་ཆེ་བའི་ལྗང་མདོག་གཞི་གྲངས་ལྟེ་གནས་གྲས་ཀྱི་གཅིག་ཡིན་པ་དང་། ལྟེ་གནས་ཀྱིས་གཤེར་གྲངས་ལག་རྩལ་དང་ལྗང་གློག་ཐད་སྤྲོད་མ་ལག་བརྒྱུད་དེ། ལྗང་གློག་ཐད་སྤྲོད་ནས་རིག་སྟོབས་བཀག་སྡོམ་དང་ནུས་ལྡན་ཟབ་བསྒྱུར་གྱི་ཕྲེང་འབྲེལ་ཧྲིལ་བོའི་ཐཱན་འཕྲི་མངོན་འགྱུར་བྱས་པ་དང་། རྒྱལ་ཁབ་རིམ་པའི་ནུས་སྲི་སྙིགས་འཕྲི་ཡི་དཔེ་སྟོན་དཔེ་གཞིའི་མཚན་སྙན་ཐོབ། ཨུ་ཡོན་ཚོ་གཞི་གྲངས་ལྟེ་གནས་སུ་སོང་ནས། ལས་བྱེད་མི་སྣས་ངོ་སྤྲོད་འོག ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱས། ཨུ་ཡོན་ཚོས། ལྗང་མདོག་རྩིས་ནུས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པའི་ལག་ལེན་གཙོ་བོ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཡིན་པས། གཙོ་གཞིའི་ནུས་པ་འདོན་སྤེལ་བྱས་ནས། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན་པའི་ཚུལ་བསྟན།

ཨུ་ཡོན་ཚོ་གནམ་གྲུ་ཐང་གི་སྐབས་གསུམ་པའི་རྒྱས་སྐྲུན་ལས་གཞིའི་གསར་འཛུགས་བྱས་པའིt3གནམ་གྲུ་འབབ་ཚུགས་ཐོག་ཁང་གི་ལས་རེས་ཚོམས་ཆེན་དང་བདེ་འཇགས་ཞིབ་བཤེར་ཁུལ། གསར་བཙུགས་ཚུགས་སྟེགས་བཅས་ལ་སོང་ནས། ལས་གཞི་འཛུགས་སྐྲུན་བྱེད་ཚད་དང་ཆ་སྡེབས་སྒྲིག་ཆས་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཨུ་ཡོན་ཚོས། མུ་མཐུད་དུ་མདོ་དབུས་མཐོ་སྒང་ས་ཁུལ་གྱི་དམངས་སྤྱོད་མཁའ་འགྲུལ་ལས་རིགས་འཕེལ་རྒྱས་ཀྱི་ད་ལྟའི་གནས་བབ་གཙིགས་འཛིན་བྱེད་པ་དང་། བརྟག་བཤེར་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ནས། རིམ་ངོས་མི་འདྲ་ས་ནས་རང་འགུལ་གྱིས་མཚོ་སྔོན་གྱི་དམངས་སྤྱོད་མཁའ་འགྲུལ་ལས་རིགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་བརྟན་བརླིང་ངང་ཡུན་རིང་བོར་འཕེལ་རྒྱས་སུ་གཏོང་བར་རོགས་ཤུགས་འདོན་རྒྱུ་ཡིན་པའི་ཚུལ་བསྟན།

རིན་ཆེན་མཚོས་བསྒྱུར།