ཧན་ཀྲིན་གྱིས་སི་ཕེན་གྱི་རྒྱལ་པོ་ཧྥའེ་ལེ་ཕའེ་སྐུ་ཕྲེང་དྲུག་པར་མཇལ་འཕྲད་གནང་།
2025.06.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་གནས་དེ་གའི་ཟླ6པའི་ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་མཱ་ཏེ་རི་རྒྱལ་པོའི་ཕོ་བྲང་དུ་སི་ཕེན་གྱི་རྒྱལ་པོ་ཧྥའེ་ལེ་ཕའེ་སྐུ་ཕྲེང་དྲུག་པར་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥའེ་ལེ་ཕའེ་སྐུ་ཕྲེང་དྲུག་པར་འཚམས་འདྲི་གནང་བ་བརྒྱུད་སྒྲོག་བྱས་པ་དང་། སི་ཕེན་གྱི་གོང་མ་ཚང་གིས་དུས་ཡུན་རིང་པོར་ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས་པར་བསྟོད་བསྔགས་བྱས། ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་སི་ཕེན་ཕྱོགས་དང་མཉམ་དུ་ནུས་ཁུངས་གསར་པ་དང་ཞིང་ལས་ཟས་རིགས་ཐོན་རྫས། གློག་སྒུལ་རླངས་འཁོར། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ནས། རིག་གནས་དང་སློབ་གསོ་སོགས་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། ཀྲུང་གོ་དང་སི་ཕེན་གཉིས་ཀྱི་རྒྱལ་སྤྱིའི་གནད་དོན་གལ་ཆེན་མང་པོའི་ཐད་ཀྱི་བསམ་ཚུལ་ཅུང་འདྲ་བར་བརྟེན། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ་དང་། རང་མོས་ཉོ་ཚོང་སྒྲིག་སྲོལ་ལམ་སྲོལ་ལ་སྲུང་སྐྱོང་བྱེད་པ། སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་བོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཀྲུང་གོའི་ཕྱོགས་ཀྱིས་སི་ཕེན་དང་ཡོ་རོབ་གླིང་ཕྱོགས་དང་མཉམ་དུ། འབྲེལ་འདྲིས་གྲོས་མོལ་ལ་ཤུགས་སྣོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་མཉམ་དུ་སྲུང་སྐྱོང་བྱས་ཏེ། འཛམ་གླིང་ཞི་བདེ་བརྟན་བརླིང་དང་འཕེལ་རྒྱས་ཡོང་བར་བྱས་རྗེས་འཇོག་འདོད་ཡོད།

རྒྱལ་པོ་ཧྥའེ་ལེ་ཕའེ་སྐུ་ཕྲེང་དྲུག་པས་ཧན་ཀྲིན་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྨོན་འདུན་བཟང་པོ་ཞུས་པ་དང་། ཁོས་སྔོན་ཆད་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་སྐབས་ཀྱི་ཡིད་སྤྲོ་བའི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་ཤིང་། ད་ལོར། རྒྱལ་ཁབ་གཉིས་ཀྱིས་མཐོ་རིམ་འགྲོ་འོང་སྔར་ལས་ཇེ་ཟབ་ཏུ་བཏང་བ་དང་། ཆབ་སྲིད་ཀྱི་ཡིད་རྟོན་ཇེ་ཆེར་བཏང་ཞིང་།  དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པས། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་པར་བསྟན། སི་ཕེན་གྱིས་ཀྲུང་གོས་ནུས་ཁུངས་གསར་པ་དང་མྱུར་བགྲོད་ལྕགས་ལམ་སོགས་ཁྱབ་ཁོངས་སུ་བླངས་པའི་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། མིག་སྔར་འཛམ་གླིང་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འབྱུང་བཞིན་ཡོད་ལ། ཀྲུང་གོས་དེའི་བརྒྱུད་རིམ་ཁྲོད་བརྟན་བརླིང་གི་ནུས་པ་གལ་ཆེན་བཏོན་བཞིན་ཡོད། སི་ཕེན་གྱིས་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱས་ནས། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཕྱོགས་མང་ལས་ཁུངས་ཀྱི་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་སྤྱིའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་དང་ལམ་སྲོལ་ལ་མཉམ་དུ་སྲུང་སྐྱོང་བྱས་ཏེ། འཛམ་གླིང་གི་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་རྒྱལ་ཁབ་ཆེན་མོའི་འབྲེལ་བ་དང་། ཝུའུ་ཁི་ལན་གྱི་ཉམས་ཉེན། ཕ་ལེ་སི་ཐན་ཀྱི་གནད་དོན་སོགས་ཀྱི་ཐད་དགོངས་འཆར་བརྗེ་རེས་གནང་།

ལྷ་མོ་འཚོས་བསྒྱུར།