ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཁྲིན་ཡུན་སྐུ་འཁྲུངས་ནས་ལོ120འཁོར་བར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
2025.06.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་གིས་ཚེས13ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ་བཞུགས་མོལ་ཚོགས་འདུ་བསྡུས་ནས། བློ་མཐུན་ཁྲིན་ཡུན་སྐུ་འཁྲུངས་ནས་ལོ120འཁོར་བར་རྗེས་དྲན་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། བློ་མཐུན་ཁྲིན་ཡུན་གྱི་སྐུ་ཚེ་ཧྲིལ་བོ་ནི་རླབས་ཆེ་ཞིང་གཟི་བརྗིད་ལྡན་ལ། ཁོང་གི་བླ་ན་མེད་པའི་སྙིང་སྟོབས་དང་ཕུན་སུམ་ཚོགས་པའི་འགོ་ཁྲིད་ཀྱི་ཉམས་མྱོང་། སྤྱི་བསྡོམས་གནང་བའི་ཚན་རིག་གི་བསམ་བློ་གཏོང་སྟངས་དང་བྱ་བ་སྒྲུབ་སྟངས་བཅས་ནི་ནམ་ཡང་ང་ཚོའི་རྒྱུ་ནོར་རྩ་ཆེན་ཡིན། ང་ཚོས་དེ་དག་སློབ་སྦྱོང་དང་བེད་སྤྱོད་ནན་ཏན་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་དར་རྒྱས་གོང་འཕེལ་གཏོང་དགོས་ལ། དུས་རབས་གསར་པའི་སྐྱོད་ལམ་གསར་པར་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་འབད་འཐབ་སྒོས་བྱ་བ་སྒྲུབ་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་ལིས་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་བཅས་བཞུགས་མོལ་ཚོགས་འདུར་ཞུགས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་ཀྲའོ་ལི་ཅི་ཡིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་གནང་།

ཞི་ཅིན་ཕིང་གིས་གསུང་བཤད་ཁྲོད་བློ་མཐུན་ཁྲིན་ཡུན་གྱི་གཟི་བརྗིད་ལྡན་པའི་སྐུ་ཚེ་ཧྲིལ་བོར་ཕྱིར་དྲན་གནང་སྟེ། ཁོང་གིས་རང་རྒྱལ་གྱི་གསར་བརྗེ་དང་། འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ཆེད་དུ་བཞག་པའི་ཉམས་པ་མེད་པའི་མཛད་རྗེས་ཕྱོགས་བསྡོམས་གནང་བ་དང་། བློ་མཐུན་ཁྲིན་ཡུན་ནི་རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཆབ་སྲིད་པ། ཕུལ་དུ་བྱུང་བའི་མར་ཁེ་སི་རིང་ལུགས་པ། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་སྲོལ་འབྱེད་པ་དང་རྨང་འདིང་མཁན་གྱིས་གྲས་ཡིན་ལ།  ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་ཉམས་སད་ཐེག་པའི་ཕུལ་དུ་བྱུང་བའི་འགོ་ཁྲིད་པ། བློ་མཐུན་མའོ་ཙེ་ཏུང་སྲོག་ཤིང་ཡིན་པའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཚན་ཁག་རབས་དང་པོ་དང་བློ་མཐུན་ཏེང་ཞའོ་ཕིང་སྲོག་ཤིང་ཡིན་པའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཚན་ཁག་རབས་གཉིས་པའི་ཁོངས་མི་གལ་ཆེན་ཡིན་ལ། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་མཛད་རྗེས་ཆེན་པོ་བཞག་ཡོད་ཅེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། བློ་མཐུན་ཁྲིན་ཡུན་གྱིས་དུས་ཡུན་རིང་པོའི་གསར་བརྗེའི་ལོ་ཟླའི་ཁྲོད་ཕུགས་བསམ་དང་དད་མོས་བརྟན་པོ། ཏང་གཤིས་རྩ་དོན་དམ་འཛིན། བདེན་འཚོལ་དངོས་གཉེར་གྱི་སྤྱོད་སྟངས་དང་། བབ་ཆགས་པའི་སྤྱི་ཞབས་པའི་བརྩེ་སེམས། སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པའི་སྙིང་སྟོབས་བཅས་རྒྱུན་འཁྱོངས་བྱས་པ་ལས་གུང་ཁྲན་ཏང་མིའི་བླ་ན་མེད་པའི་རང་གཤིས་མཚོན་ཡོད། ང་ཚོས་བློ་མཐུན་ཁྲིན་ཡུན་གྱི་བླ་ན་མེད་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས་ཕུགས་བསམ་དང་དད་མོས་བརྟན་པོར་གཏོང་བ་དང་། རྒྱལ་ཁ་ཐོབ་ངེས་པའི་ཡིད་ཆེས་བཅངས་ནས། རྙོག་འཛིང་དང་ཛ་དྲག་ཆེ་བའི་གནས་བབ་ལ་གདོང་གཏད་སྐབས་ཆབ་སྲིད་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་དགོས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དགོངས་པ་རང་རྟོགས་སྒོས་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ལེགས་པོར་བསྐྱོད་པ། མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་སྐྲུན་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱོད་ཚུལ་ལེགས་སྒྱུར་གྱི་ཕན་འབྲས་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་པར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བློ་མཐུན་ཁྲིན་ཡུན་གྱིས་ཁྱབ་ཁོངས་གང་ཞིག་ཏུ་བྱ་བ་བསྒྲུབས་པ་དང་འགོ་ཁྲིད་ཀྱི་ལས་འགན་གང་ཞིག་འཁུར་རུང་། སློབ་ལ་བརྩོན་ཞིང་ཞིབ་འཇུག་གཏིང་ཟབ། ཆོས་ཉིད་འཚོལ་ཞིབ་དང་གནད་འགག་དམ་འཛིན་བཅས་མཛད་དེ། ཁྱད་དུ་འཕགས་པའི་འགོ་ཁྲིད་ཀྱི་འཇོན་ཐང་མངོན་ནས། ད་ལྟར་སྔར་བཞིན་དོན་སྙིང་གལ་ཆེན་ལྡན་པའི་འགོ་ཁྲིད་ཀྱི་ཉམས་མྱོང་མང་པོ་གསར་སྐྲུན་གནང་ཡོད། ང་ཚོས་བློ་མཐུན་ཁྲིན་ཡུན་གྱི་ཕུན་སུམ་ཚོགས་པའི་འགོ་ཁྲིད་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ། ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་ཁྲིད་ནུས་པ་དང་རང་ངོས་འཛུགས་སྐྱོང་ཐད་ཀྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོར་འདེགས་གཏོང་དགོས། ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ཆོས་ཉིད་ཀྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བསྐྲུན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱེད་པར་གོམ་འགྲོས་མགྱོགས་ཤིང་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་དང་གསོན་ཤུགས་སྔར་ལས་མང་པོ་སྣོན་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་ཟབ་མོ་གཏོང་བ་དང་། ཏང་གི་རང་ངོས་གཙང་སྒྱུར་དང་རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་འདེགས་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཏང་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་ཁག་ཐེག་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།  དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱ་རྒྱུ་ནི་བློ་མཐུན་ཁྲིན་ཡུན་གྱི་ཁྱད་ཆོས་མངོན་གསལ་ཅིག་རེད། ཁོས་གོང་རིམ་དང་ཡིག་ཆ་ཁོ་ནར་བརྟེན་རྐྱང་ཙམ་མི་བྱེད་པར་དོན་དངོས་ལ་བརྟེན་པ་དང་། ཞིབ་བསྡུར། བསྐྱར་བཟློས་བཅས་གཙིགས་འཛིན་བྱེད་པའི་དངོས་གཙོའི་རྩོད་སྒྲུབ་རིག་པའི་མན་ངག་འདི་བཏོན་ནས། འཐབ་ཇུས་ཐོག་གནད་དོན་ལ་བསམ་གཞིགས་གཏོང་མཁས་པར་བྱས་པ་དང་། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་ཇུས་ཆོད་ཀྱི་སྔོན་འགྲོའི་ཆ་རྐྱེན་གཙོ་བོར་བཟུང་བ་རེད།  ང་ཚོས་བློ་མཐུན་ཁྲིན་ཡུན་གྱི་ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་དང་བྱ་བ་སྒྲུབ་སྟངས་ལ་སློབ་སྦྱོང་བྱས་ཏེ། ཏང་གི་བསམ་བློའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ།  དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་སློབ་སྦྱོང་དང་བེད་སྤྱོད་གང་ལེགས་བྱས་ནས། གནས་བབ་ལ་བརྡར་གཅོད་ཡང་དག་བྱེད་པ་དང་ཚན་རིག་དང་མཐུན་པར་མ་འོངས་འཆར་འགོད་བྱས་ཏེ། བྱ་བའི་མ་ལག་རང་བཞིན་དང་སྔོན་མཐོང་རང་བཞིན། གསར་གཏོད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས།  བརྟག་དཔྱད་ཞིབ་འཇུག་གི་སྤུས་ཚད་མཐོ་རུ་བཏང་སྟེ།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གནས་ཚུལ་གསར་པ་དང་།  གནད་དོན་གསར་པ།  འཕེལ་ཕྱོགས་གསར་པ་བཅས་ཡང་དག་དམ་འཛིན་བྱེད་ལ། གཞི་རིམ་གྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་འདུན་ལ་རྒྱུས་ལོན་ཡང་དག་བྱས་ཏེ། ཐབས་ཇུས་དོན་དངོས་དང་མཐུན་ཞིང་མི་དམངས་མང་ཚོགས་ཀྱི་འདོད་བློ་དང་མཐུན་པར་བྱེད་དགོས།

ཀྲའོ་ལི་ཅི་ཡིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་གནང་སྐབས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་བློ་མཐུན་ཁྲིན་ཡུན་གྱི་རླབས་ཆེ་ཞིང་གཟི་བརྗིད་ལྡན་པའི་སྐུ་ཚེ་ཧྲིལ་པོར་ཕྱིར་དྲན་མཛད་ཅིང་།  བློ་མཐུན་ཁྲིན་ཡུན་གྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་ཐད་བཞག་པའི་ཉམས་མེད་མཛད་རྗེས་ལ་གདེང་འཇོག་གལ་ཆེན་གནང་ནས།  ཏང་ཡོངས་ཀྱིས་བློ་མཐུན་ཁྲིན་ཡུན་གྱི་བླ་ན་མེད་པའི་སྙིང་སྟོབས་དང་ཕུན་སུམ་ཚོགས་པའི་འགོ་ཁྲིད་ཀྱི་ཉམས་མྱོང་།  ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་དང་བྱ་བ་སྒྲུབ་སྟངས་བཅས་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད།  གསུང་བཤད་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་གནད་ལ་འཁེལ་བར་མ་ཟད། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན།  མཛུབ་སྟོན་རང་བཞིན་བཅས་ཆེས་ཆེར་ལྡན་པས། ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པ།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། ང་ཚོས་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་གསུངས། 

བཞུགས་མོལ་ཚོགས་འདུའི་སྟེང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཆུས་ཆིན་ཧྲན་དང་།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཝང་ཀྲི་ཅུན། ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཀུང་ཀྲིན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་རྣམས་བཞུགས་མོལ་ཚོགས་འདུར་ཞུགས།

ཀྲུང་དབྱང་ཏང་སྲིད་དམག་དམངས་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། པེ་ཅིང་གྲོང་ཁྱེར། ཧྲང་ཧའེ་གྲོང་ཁྱེར་བཅས་ཀྱི་འགན་ཁུར་བློ་མཐུན། བློ་མཐུན་ཁྲིན་ཡུན་གྱི་གཉེན་ཉེ།  སྔོན་གྱི་ལས་གྲོགས་དང་ཕ་ཡུལ་གྱི་འཐུས་ཚབ་སོགས་བཞུགས་མོལ་ཚོགས་འདུར་ཞུགས།