ལིས་ཆང་གིས་འགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས། 
2025.06.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ6པའི་ཚེས13ཉིན་འགོ་འཛིན་མཛད་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ།  ཀྲུང་གོའི(ཧྲང་ཧའེ)རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་ཚོད་ལྟའི་བྱེད་ཐབས་འདྲ་བཟོ་ཁྱབ་གདལ་བྱ་བར་བཀོད་སྒྲིག་གནང་བ་དང་། ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྒྲིག་འཛུགས་དང་ཁང་པ་ལེགས་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུར་གསན་ལ།  《ཡིད་རྟོན་སླར་གསོའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་ལག་བསྟར་ཇུས་གཞི》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། སྨན་རྫས་དང་ཟད་གྲོན་རྒྱུ་ཆ་འཚོལ་སྡུད་བྱེད་པའི་འབྲེལ་ཡོད་བྱེད་ཐབས་ཞིབ་འཇུག་དང་ལེགས་སྒྱུར་བྱས།

གྲོས་ཚོགས་ལས་བསྟན་དོན།  ཀྲུང་གོའི(ཧྲང་ཧའེ)རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱིས་ཕྱོགས་ཡོངས་ནས་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་འབྲེལ་མཐུད་བྱེད་པའི་ཚོད་ལྟའི་ཉམས་མྱོང་བེད་སྤྱོད་ཡག་པོ་བྱས་ཏེ། ཁྱབ་ཁོངས་ཆེ་ས་རུ་ལམ་ལུགས་གསར་གཏོད་ཀྱི་ཁེ་ཕན་འདོན་དགོས་ལ།   ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་རིམ་པ་ཟབ་མོའི་བཅོས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཡུལ་བབ་དང་བསྟུན་ནས་འདྲ་བཟོ་ཁྱབ་གདལ་བྱ་བ་ལེགས་པར་བསྒྲུབ་དགོས་ལ། ས་གནས་སོ་སོའི་གནས་ཚུལ་དངོས་ལ་བསམ་གཞིགས་གང་ལེགས་བཏང་ནས། ཁེ་ལས་དང་མང་ཚོགས་ལ་དགོས་མཁོ་ཆེ་བའི་ཚོད་ལྟའི་བྱེད་ཐབས་གཙོར་བཟུང་སྟེ་སྐུལ་འདེད་གཏོང་བ་དང་། བཅོས་བསྒྱུར་སྒོ་འབྱེད་ཀྱི་ཚོད་ལྟའི་བྱེད་ཐབས་གཞན་དག་ལ་ཕན་ཚུན་མཐུན་སྦྱོར་དང་འབྲེལ་མཐུད་ལེགས་པོ་བྱེད་དགོས། ཉེན་ཁའི་ཚད་མཐའ་སྲུང་བའི་སྔོན་འགྲོའི་ཆ་རྐྱེན་འོག   ལམ་ལུགས་རྣམ་པའི་སྒོ་འབྱེད་ཚོད་ལྟ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ།  ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་ལམ་ལུགས་གསར་པ་མགྱོགས་མྱུར་ངང་འཛུགས་དགོས།

གྲོས་ཚོགས་ལས་བསྟན་དོན། ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་། དེ་ས་ཁང་བདག་ཁོངས་ཁྲོམ་རའི་བརྟན་བརླིང་དང་སྐྱོན་བྲལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས།  ཡུན་རིང་ལ་དམིགས་ནས། བརྟན་ཐོག་ཡར་འཕེལ་དང་སྔོན་འཛུགས་རྗེས་གཏོར་རྒྱུན་འཁྱོངས་བྱེད་པ་དང་།  གོ་རིམ་ལྡན་པའི་སྒོ་ནས་འབྲེལ་ཡོད་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་འཛུགས་དགོས། ཁང་པ་ལེགས་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ནུས་ལྡན་གཏོང་དགོས་པ་དང་།  གྲོང་ཁྱེར་གསར་སྒྱུར་ལམ་སྲོལ་གྱི་ཁོངས་སུ་བཅུག་ནས་བྱ་བ་གཅིག་འདོམས་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ།  འཆར་འགོད་དང་ས་ཞིང་། ནོར་སྲིད། དངུལ་རྩ་སོགས་ཀྱི་ཐད་སྲིད་ཇུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས། རྒྱལ་ཡོངས་ཀྱི་ས་ཁང་བདག་ཁོངས་ཀྱིས་མཁོ་འདོན་བྱས་པའི་ས་ཞིང་དང་འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞིའི་མཐིལ་རྟོགས་པར་བྱས་ཏེ། ད་ཡོད་ཀྱི་སྲིད་ཇུས་སྔར་བས་ལེགས་སྒྱུར་བྱེད་པ་དང་། སྲིད་ཇུས་ལག་བསྟར་གྱི་མ་ལག་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས་ལ། ཐབས་མང་མཉམ་སྤྱོད་ཀྱིས་སྔོན་དཔག་བརྟན་པོ་དང་དགོས་མཁོར་སྐུལ་སློང་། མཁོ་སྤྲོད་ལེགས་སྒྱུར།  ཉེན་ཁ་སེལ་བ་བཅས་བྱས་ནས། ས་ཁང་བདག་ཁོངས་ཀྱི་ཁྲོམ་རའི་རིན་གོང་བརྟན་པོའི་ངང་འཕར་བར་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན། ཚད་གཞི་གཅིག་གྱུར་དང་མཐུན་སྦྱོར་མཉམ་སྤྱོད། ཚན་རིག་ཕན་མཐོ་བཅས་ཀྱི་ཡིད་རྟོན་སླར་གསོའི་ལམ་སྲོལ་མགྱོགས་མྱུར་ངང་འཐུས་ཇེ་ཚང་དུ་བཏང་སྟེ། ཡིད་རྟོན་ཤོར་བའི་བྱེད་པོའི་ཡིད་རྟོན་སླར་གསོ་བྱེད་པར་རོགས་རམ་བྱེད་དགོས། སླར་གསོའི་སྒྲིག་སྲོལ་གཅིག་གྱུར་བྱེད་པ་དང་། ཐོབ་ཐང་ཞིབ་བཤེར་དང་བརྒྱུད་རིམ་ལྟ་སྐུལ། མཇུག་འབྲས་ངོས་འཛིན་སོགས་ཀྱི་གོ་རིམ་ཚད་གཞི་ཚད་ལྡན་དང་འཐུས་ཚང་དུ་གཏོང་དགོས། གཞི་གྲངས་ཀྱི་བཀག་རྒྱ་གཏོར་བ་དང་། གཞི་གྲངས་མཉམ་སྤྱོད་ཀྱི་ཁྱབ་ཁོངས་དང་བྱེད་སྟངས། མྱར་ཚད་བཅས་མགྱོགས་མྱུར་ངང་གཏན་འཁེལ་གསལ་བོ་བྱས་ཏེ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྤྱི་ཚོགས་གཞི་གྲངས་ཀྱི་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་དགོས། སྡེ་ཁག་བར་གྱི་གཞོགས་འདེགས་ལ་ཤུགས་བསྣན་ཏེ།  བདག་སྤྲོད་ལས་སྒྲུབ་དང་གསར་སྒྱུར་ཕྱིར་ལྡོག  བསམ་འཆར་མི་འདྲ་བ་ཐག་གཅོད་བྱེད་པ་སོགས་ཀྱི་བྱ་བའི་ཁྲོད་གཞོགས་འདེགས་དམ་ཟབ་བྱེད་པ་དང་མཉམ་ཤུགས་ཆགས་པར་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན།  སྨན་རྫས་དང་ཟད་གྲོན་རྒྱུ་ཆ་འཚོལ་སྡུད་བྱེད་པའི་སྲིད་ཇུས་དཔྱད་འཇོག་ལ་ཤུགས་བསྣན་ནས།  ཉམས་མྱོང་ཕྱོགས་སྡོམ་དང་ཞན་ཆ་ཁ་གསབ་བྱེད་པ་དང་། འཚོལ་སྡུད་བྱ་བ་ཚད་ལྡན་ཅན་དང་ལམ་ལུགས་ཅན། རྒྱུན་རྣམ་ཅན་བཅས་ཀྱི་སྒོ་ནས་སྤེལ་བར་སྐུལ་འདེད་གཏོང་དགོས། སྨན་བཅོས་དང་སྨན་བཅོལ། སྨན་རྫས་བཅས་སྨན་གསུམ་གྱི་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་ལ་སྔར་ལས་སྐུལ་འདེད་བཏང་ནས། གཞུང་བཙུགས་སྨན་ཁང་གི་ཁ་གསབ་ལམ་སྲོལ་འཐུས་ཇེ་ཚང་དུ་གཏོང་བ་དང་།   སྨན་རྫས་དང་སྨན་བཅོས་ཁེ་ལས་ཀྱིས་གསར་གཏོད་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། མང་ཚོགས་ཀྱི་སྣ་མང་ཅན་གྱི་སྨན་བཅོས་དང་སྨན་རྫས་ཀྱི་དགོས་མཁོ་ལེགས་པར་སྐོང་དགོས། སྨན་རྫས་དང་ཟད་གྲོན་རྒྱུ་ཆའི་ཐོན་སྐྱེད་དང་འཁོར་རྒྱུག  བེད་སྤྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྨན་བཟོའི་སྤུས་ཚད་དང་ཕན་ནུས་ཀྱི་གཅིག་གྱུར་རང་བཞིན་གྱི་གདེང་འཇོག་ལ་སྐུལ་འདེད་ནན་མོ་བཏང་སྟེ། མི་དམངས་མང་ཚོགས་ལ་སེམས་བདེ་བའི་ངང་སྨན་སྤྱོད་དུ་འཇུག་དགོས།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།