མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་ཀྱི་གྲོས་གཞི་གཙོ་བོར་སྒྲུབ་སྐུལ་བྱས།
2025.06.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6པའི་ཚེས13ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བརླན་སའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་འགྱུར་ལྡོག་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོབ་ལ་ཤུགས་སྣོན་པའི་སྐོར་གྱི་གྲོས་གཞི་གཙོ་བོར་སྒྲུབ་སྐུལ་བྱས། བཞུགས་མོལ་ཚོགས་འདུའི་ཐོག་ཏུ། མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡི་འགན་ཁུར་པས་གྲོས་གཞི་སྒྲུབ་པ་དང་འཕེལ་རིམ་གནས་ཚུལ་གཙོར་བཟུང་ནས། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གོ་རིམ་རྗེས་མའི་བྱ་བ་སྙན་ཞུ་བྱས།

མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་བླངས་པའི་གྲུབ་འབྲས་དང་གྲོས་གཞི་བསྒྲུབས་པའི་གནས་ཚུལ་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་འོག སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་བསྐྲུན་པའི་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་བླངས་ཏེ། དམ་འཛིན་བདུན་ལ་བརྟེན་ནས་འཛུགས་སྐྲུན་ལས་དོན་སོ་སོ་གཅིག་འདོམས་ཀྱིས་སྤེལ་ནས། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་བླངས་ཡོད། ཞིང་ཆེན་སྲིད་གྲོས་ཀྱིས་མུ་མཐུད་དུ་མཚོ་སྔོན་པོ་སྲུང་སྐྱོབ་བེད་སྤྱོད་དང་ལྷག་པར་དུ་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བར་དོ་སྣང་ཟབ་མོ་བྱས་ཏེ། རིམ་པ་གསུམ་གྱི་སྲིད་གྲོས་ཨུ་ཡོན་རྩ་འཛུགས་བྱས་པ་བརྒྱུད་གྲོས་གཞི་དང་། ཆེད་དོན་རྟོག་ཞིབ་སོགས་འགན་སྒྲུབ་བྱེད་ཐབས་ལ་བརྟེན་ནས། ཐུན་མོང་ངོས་འཛིན་རྒྱ་ཆེར་གཅིག་སྡུད་དང་། བློ་འདོན་ཇུས་འབུལ་ཧུར་ཐག་བྱེད་པར་མ་ཟད། རྒྱལ་ཡོངས་སྲིད་གྲོས་མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་ལ་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཆེད་དོན་སྙན་ཞུ་ཕུལ་ནས། རྒྱལ་ཁབ་ངོས་ཐད་ཀྱི་དོ་སྣང་དང་རྒྱབ་སྐྱོར་མང་པོ་བརྩོན་ལེན་བྱ་རྒྱུ་ཡིན།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་པོ་བྱེད་པའི་འགན་འཁྲི་མཐའ་གཅིག་ཏུ་ཁུར་བ་ནི་རྒྱལ་དོན་ཆེ་ཕྱོགས་ཀྱི་ཆབ་སྲིད་འགན་འཁྲི་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་དང་དངོས་འབེབས་ཟབ་མོ་བྱེད་པ་ཞིག་དང་། ཐོག་མཐའ་བར་གསུམ་དུ་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་བསྐྲུན་པར་དམིགས་པའི་རྒྱལ་ཁབ་ངོས་ཐད་ཀྱི་དམིགས་འབེན་ཞིག་ཡིན་པས། འཛུགས་སྐྲུན་གྲུབ་འབྲས་དཔྱད་འཇོག་བྱ་བ་དང་། འཆར་འགོད་སྣ་ཚོགས་དངོས་འབེབས་བྱེད་པ་སོགས་བྱ་བ་གཙོ་བོ་ནུས་ཤུགས་ཡོད་དགུས་ལེགས་པོར་སྒྲུབ་ནས། མཐོ་སྒང་གི་དབང་སྔོན་ཞེས་གྲགས་པའི་གནས་འདིར་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་སྐྱེ་ཁམས་ཀྱི་མཛེས་ལྗོངས་ཡོངས་སུ་མངོན་པར་བྱེད་དགོས། ཞིང་ཆེན་སྲིད་གྲོས་ཀྱིས་ཆེད་མཁས་པ་དང་ཨུ་ཡོན་རྩ་འཛུགས་ཀྱིས་མཚོ་སྔོན་པོར་མངགས་ཏེ་གྲོས་གཞི་སྒྲུབ་པ་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་ཡུལ་དངོས་རྟོག་ཞིབ་བྱེད་དགོས། འཆར་འགོད་སྣེ་ཁྲིད་དང་རིག་གནས་ཡུལ་སྐོར་མཉམ་འདྲེས། སྐྱེ་ཁམས་སློབ་གསོ། རིག་གནས་ཉམས་ལེན། ཚན་རིག་ཁྱབ་གདལ་དང་ཞིབ་འཇུག་སློབ་སྦྱོང་སོགས་ཕྱོགས་ཀྱི་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། ཇུས་འབུལ་གནད་ལ་འཁེལ་བ་དང་སྲིད་གླེང་འགག་རྩར་འཁེལ་བར་ཁག་ཐེག་བྱས་ནས། མཉམ་སྐྲུན་མཉམ་འཛུགས་མཉམ་སྤྱོད་བཅས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་དང་མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་ཁྱུ་ཚོགས་སྤུས་ཚད་མཐོན་པོས་བསྐྲུན་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྲིད་གྲོས་ཀྱི་སྟོབས་ཤུགས་འབུལ་དགོས།

རིག་འཛིན་སྒྲོལ་མས་བསྒྱུར།