ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཀྱིས་ཁྲིམས་ལུགས་སློབ་པའི་ཆེད་དོན་འཆད་ཁྲིད་སྤེལ།
2025.06.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6པའི་ཚེས13ཉིན། ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཀྱིས་བརྙན་རིས་རྣམ་པས་ཁྲིམས་ལུགས་སློབ་པའི་ཆེད་དོན་འཆད་ཁྲིད་སྤེལ་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་གཉེར་དཔལ་འབྱོར་ཡར་སྐུལ་བཅའ་ཁྲིམས་དང་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག་སློབ་སྦྱོང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས།

འཆད་ཁྲིད་ལས་པེ་ཅིང་ཚན་རྩལ་སློབ་ཆེན་རིག་གཞུང་ཁྲིམས་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྲིམས་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ལིས་ཧྥུའུ་ཁྲིན་གདན་ཞུ་བྱས་ནས་ཟུར་ཁྲིད་སྙན་ཞུ་ཕུལ་བ་དང་། རང་རྒྱལ་གྱི་ཚོང་གཉེར་ཁོར་ཡུག་ལ་འཕྲད་པའི་གནས་བབ་དང་རྩ་བའི་འགོ་རྩོམ་སར་དབྱེ་ཞིབ་བྱས་ཤིང་། དམངས་གཉེར་དཔལ་འབྱོར་ཡར་སྐུལ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་འདྲ་མཉམ་སྲུང་སྐྱོབ་དང་དྲང་གཞག་འགྲན་རྩོད། ནུས་མཐོའི་ཞབས་ཞུ། ཁྲིམས་སྐྱོང་འགན་སྲུང་བཅས་ཀྱི་ལམ་ལུགས་གཙོ་བོའི་ཇུས་འགོད་ལ་འགྲེལ་བཤད་བྱས་པར་མ་ཟད། བཅའ་ཁྲིམས་དེ་དང་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་གྱི་སྲོལ་ཡིག་ལག་བསྟར་བྱེད་པར་ཟུང་འབྲེལ་བྱས་ཏེ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལ་བརྟེན་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་འགྲེལ་བཤད་བྱས་པ་དང་། མཚོ་སྔོན་གྱི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་གཞི་གྲངས་རིག་གནས་ཡུལ་སྐོར་ཚོང་གཉེར་ཁོར་ཡུག་བསྐྲུན་པའི་བྱ་བའི་གྲོས་གཞི་བཏོན།

ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱེད་སྐབས། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་ཞིང་། ཡུན་རིང་གི་རྩ་བའི་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་བྱ་བར་ཤུགས་རྐྱེན་ཐེབས་བཞིན་ཡོད། འགན་ནུས་ཚུལ་སྒྱུར་དང་ཞབས་ཞུ་ལེགས་སྒྱུར་ལ་དམིགས་ནས་ཤུགས་འདོན་པ་དང་། དམངས་གཉེར་དཔལ་འབྱོར་ཡར་སྐུལ་བཅའ་ཁྲིམས་དང་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་གྱི་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྲིད་དོན་ཞབས་ཞུའི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཞུགས་འཐུས་གཉེར་འཐུས་ཀྱི་བགྲོད་ལམ་གེགས་མེད་ཡོང་བར་བྱས་ནས། སྲིད་གཞུང་གི་འབྲེལ་བ་ལེགས་པོ་ཞིག་འཛུགས་དགོས། བཀག་རྒྱ་གཏོར་ནས་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་འདོན་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོའི་ཁྲོད་ཧུར་ཐག་གིས་འདྲེས་པར་བྱེད་ལ། དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་ལ་ཤུགས་བསྣན་ནས། ཁེ་ལས་ལ་ཕན་པའི་སྲིད་ཇུས་གནད་འཁེལ་སྒོས་ཁྱབ་གདལ་གཏོང་དགོས། སྔོན་དཔག་བརྟན་པོ་དང་ཁྲིམས་སྐྱོང་ཇེ་ལེགས་སུ་གཏོང་བར་དམིགས་ནས་ཤུགས་འདོན་པ་དང་། གཏན་ནས་གཡོ་འགུལ་མི་བྱེད་པ་གཉིས་རྒྱུན་འཁྱོངས་དང་དངོས་འབེབས་བྱེད་པ། སྲིད་ཇུས་ཁྲིམས་སྲོལ་གྱི་སྤུས་ཀ་ཇེ་ལེགས་སུ་བཏང་སྟེ། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་བསྟར་ཚད་ལྡན་དུ་གཏོང་དགོས། ལམ་སྲོལ་དམ་འཛིན་དང་སྒོ་འབྱེད་རྒྱ་བསྐྱེད་པར་དམིགས་ནས་ཤུགས་འདོན་པ་དང་། ཕྱི་ཚོང་དངུལ་གཏོང་གི་ཞབས་ཞུ་ལེགས་སྒྱུར་བྱེད་པ། ཚད་གཞི་དང་ཤེས་བྱའི་བདག་དབང་གི་སྲུང་སྐྱོབ་ལ་ཤུགས་བསྣན་ནས། འཇོན་མིའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཡིད་རྟོན་འཛུགས་པ་དང་བཅོས་སྐྱོང་བྱེད་མཁས་པར་དམིགས་ནས་ཤུགས་འདོན་པ་དང་། སྲིད་གཞུང་གིས་ཁ་ཆད་ལག་བསྟར་བྱེད་པར་ཤུགས་བསྣན་ནས། ཡིད་ཆེས་ཤོར་བའི་མཉམ་འབྲེལ་ཆད་གཅོད་ཚད་ལྡན་དུ་གཏོང་བ་དང་། ཡིད་རྟོན་སྲུང་བའི་སྐུལ་སློང་རྐྱེན་སྲོལ་རྒྱ་ཆེ་རུ་བཏང་སྟེ། ཡིད་རྟོན་སླར་གསོའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། འགན་འཁྲི་དངོས་འབེབས་དང་དོན་འཁྱོལ་དམ་འཛིན་བྱེད་པར་དམིགས་ནས་ཤུགས་འདོན་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་མ་ལག་འཐུས་ཚང་དུ་གཏོང་བ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་ཟབ་སྤེལ་བྱས་ཏེ། ཆེད་ལས་ནུས་པའི་སྤྱོད་ཚུལ་ལེགས་སྒྱུར་བྱེད་ལ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་མཉམ་དུ་བསྐྲུན་པ་དང་། ཡིད་འགུག་ནུས་པ་དང་འགྲན་རྩོད་ནུས་པ། ཤུགས་རྐྱེན་ཐེབས་ནུས་བཅས་ཇེ་ཆེར་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པས་འབྲི་བར་སྒུལ་ཤུགས་དྲག་པོ་སྣོན་དགོས་ཞེས་བསྟན།

ལྷ་མོ་འཚོས་བསྒྱུར།