ཨུ་རུ་སི་དཀར་པོའི་རྒྱལ་དམངས་གྲོས་ཁང་གི་གདན་ཞུས་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲང་ཆིན་ཝེ་ཡིས་ཟླ6པའི་ཚེས12ཉིན་ནས་ཚེས14ཉིན་བར་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཨུ་རུ་སི་དཀར་པོར་འཚམས་འདྲི་བྱས་ནས། སྲིད་འཛིན་ལུའུ་ཁཱ་ཧྲིན་ཁི་དང་རྒྱལ་དམངས་གྲོས་ཁང་གི་ཀྲུའུ་ཞི་ཁི་ཆཱ་ནའོ་ཝ། འཐུས་ཚབ་ཁང་གི་ཀྲུའུ་ཞི་ཞུའེ་ཨར་ཀའེ་ཡཱན་ཁི་བཅས་ལ་ཐུག་འཕྲད་བྱས་པར་མ་ཟད། ཁི་ཆཱ་ནའོ་ཝ་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་ཁྲིམས་འཛུགས་ལས་ཁུངས་ཀྱི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པར་འགོ་འཛིན་བྱས།
ཀྲང་ཆིན་ཝེ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་ཁྲིད་སྟོན་འོག ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་དུས་རྣམ་ཀུན་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ཆུ་ཚད་མཐོ་བའི་ཕྱོགས་སུ་རྒྱུན་མཐུད་སྒོས་འཕེལ་རྒྱས་འགྲོ་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོའི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་རྩ་བའི་གཞི་འཛིན་སར་བྱས་ཏེ། བློ་རྩ་བརྟན་པོས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་། གཉིས་ཕན་མཉམ་ལས་ཟབ་སྤེལ་བྱེད་ལ། ཁྲིམས་འཛུགས་ལས་ཁུངས་ཀྱི་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་སྤྱིའི་མཉམ་ལས་ཇེ་དམ་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
ཨུ་རུ་སི་དཀར་པོའི་འགོ་ཁྲིད་པས་ཨུ་རུ་སི་དཀར་པོས་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་ཕྱོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་ཞིང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཀྲུང་གོའི་ཕྱོགས་ཀྱི་ལངས་ཕྱོགས་ལ་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་གཞི་གལ་ཆེན་མཉམ་དུ་ལག་བསྟར་བྱས་ནས། རྒྱལ་ཁབ་སོ་སོ་དར་རྒྱས་གོང་འཕེལ་འགྲོ་བར་རོགས་ཤུགས་འདོན་འདོད་ཡོད་ཟེར།
ལྷ་མོ་འཚོས་བསྒྱུར།