2025ལོའི་ཟླ6པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་དབྱི་སི་རལ་གྱི་ཕྱི་འབྲེལ་དཔོན་པོ་སཱ་ཨར་ལ་ཁ་པར་བཏང་ནས་གྲོས་མོལ་བྱས།
སཱ་ཨར་གྱིས་དབྱི་སི་རལ་ཕྱོགས་ཀྱི་མིག་སྔའི་གནས་བབ་ཀྱི་ལྟ་སྟངས་དང་དབྱི་སི་རལ་གྱི་ལངས་ཕྱོགས་སྐོར་ངོ་སྤྲོད་བྱས་པར་ཉན་རྗེས། ཝང་དབྱི་ཡིས་བསྟན་དོན། ཀྲུང་གོའི་ཕྱོགས་རྒྱལ་སྤྱིའི་འགྲན་རྩོད་གང་ཞིག་ཡིན་རུང་ཁ་བརྡ་དང་གྲོས་མོལ་བརྒྱུད་ནས་ཐག་གཅོད་བྱེད་ཐུབ་པའི་འདོད་ཚུལ་རྒྱུན་འཁྱོངས་བྱས་ནས། དྲག་ཤུགས་དང་བཀག་སྡོམ་གྱི་བྱེད་ཐབས་སྤྱོད་པར་ངོ་རྒོལ་བྱེད་ཀྱིན་ཡོད། དེར་བརྟེན། ཀྲུང་གོའི་ཕྱོགས་ཀྱིས་དབྱི་སི་རལ་གྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ནས་དབྱི་ལིང་ལ་དྲག་ཤུགས་ཀྱི་འཇབ་རྒོལ་བྱེད་པར་ངོ་རྒོལ་བྱེད་རྒྱུ་ཡིན་ལ། ལྷག་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་པའི་གནས་ཚུལ་འོག བྱེད་ཐབས་འདི་དག་གཏན་ནས་དང་ལེན་བྱེད་མི་རུང་། དབྱི་སི་རལ་དང་དབྱི་ལིང་ནི་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་གཙོ་བོ་ཡིན་ལ། དབྱི་སི་རལ་དང་དབྱི་ལིང་གི་འབྲེལ་བ་དེ་དབུས་ཤར་ས་ཁུལ་གྱི་འཐབ་འཁྲུག་དང་ཞི་བདེའི་ཁྱོན་ཡོངས་ལ་འབྲེལ་བ་ཡོད། མིག་སྔར་ཁ་ཚ་དགོས་གཏུག་ཏུ་གྱུར་བ་ནི་མགྱོགས་མྱུར་ངང་བྱེད་ཐབས་སྤྱད་དེ་འགལ་བ་རིམ་སྤོར་བྱེད་པར་གཡོལ་བ་དང་། ས་ཁུལ་དེ་དག་གཡོ་འགུལ་ཆེན་པོའི་ཁྲོད་ཚུད་པར་བཀག་འགོག་བྱས་ཏེ། ཕྱི་འབྲེལ་བྱེད་ཐབས་ཀྱིས་གནད་དོན་ཐག་གཅོད་པའི་བགྲོད་ལམ་སྟེང་བསྐྱོད་རྒྱུ་དེ་ཡིན་ལ། དེ་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་ངོས་འཛིན་རེད་ཟེར།
ཝང་དབྱི་ཡིས་དབྱི་ལིང་གི་ཕྱི་འབྲེལ་དཔོན་པོ་ཨ་ལཱ་ཀི་ཆི་ལ་ཁ་པར་བཏང་ནས་གྲོས་མོལ་བྱེད་པའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། དབུས་ཤར་ས་ཁུལ་དེ་ནམ་ཡང་འགལ་བའི་གནས་སུ་ཚུད་མི་ཉན་ལ། དབྱི་སི་རལ་གྱིས་གནས་བབ་དེ་འདྲའི་འོག་འཚོ་བ་རོལ་མི་འོས། དབྱི་ལིང་གི་ཉིང་རྡུལ་གནད་དོན་གྱི་ཕྱི་འབྲེལ་བྱེད་ཐབས་སྔར་བཞིན་སྤྱོད་བཞིན་ཡོད་པས། ཞི་བའི་ཐག་གཅོད་ལ་སྔར་བཞིན་རེ་བ་ཡོད། དྲག་ཤུགས་ལ་བརྟེན་ནས་ཡུན་རིང་གི་ཞི་བདེ་འཚོལ་སྙེག་བྱེད་མི་ཐུབ་པས། ཐུན་མོང་བདེ་འཇགས་ཀྱི་འདུ་ཤེས་སྲུང་འཛིན་བྱས་ཚེ་ད་གཟོད་ཕྱོགས་སོ་སོའི་ལུགས་མཐུན་གྱི་དོ་ཁུར་གནད་དོན་དངོས་སུ་ཐག་གཅོད་བྱེད་ཐུབ། ཀྲུང་གོའི་ཕྱོགས་ཀྱིས་གནས་ཚུལ་དངོས་ལ་གཞིགས་ནས་ས་ཁུལ་གྱི་ཛ་དྲག་ཆེ་བའི་གནད་དོན་ཐག་གཅོད་བྱས་པ་ཡིན་ལ། དབྱི་སི་རལ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་གྲོས་མོལ་བརྒྱུད་དེ་འགལ་བ་ཐག་གཅོད་པར་སྐུལ་མ་གཏོང་བ་དང་། ཞི་བདེ་མཉམ་གནས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱེད་ཀྱིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་འདོད་ཡོད་ཅེས་ནན་བཤད་བྱས། ཝང་དབྱི་ཡིས་དབྱི་སི་རལ་ཕྱོགས་ཀྱིས་ཀྲུང་གོའི་ལས་ཁུངས་དང་མི་སྣའི་བདེ་འཇགས་ལ་སྲུང་སྐྱོང་ལེགས་པོ་བྱེད་པའི་རེ་བ་བཅངས་ཡོད་པར་བསྟན་ཞིང་། སཱ་ཨར་གྱིས་དབྱི་སི་རལ་གྱིས་ཀྲུང་གོའི་ལས་ཁུངས་དང་མི་སྣའི་བདེ་འཇགས་ལ་སྔར་བཞིན་མཐོང་ཆེན་བྱེད་པར་མ་ཟད་མུ་མཐུད་དུ་སྲུང་སྐྱོང་བྱེད་རྒྱུ་ཡིན་ཟེར།
ལྷ་མོ་འཚོས་བསྒྱུར།