ཁྲིན་ཝུན་ཆིན་གྱིས་མཚོ་སྔོན་དུ་རྟོག་ཞིབ་བྱས།
2025.06.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝུན་ཆིན་གྱིས་ཟླ6པའི་ཚེས13ཉིན་ནས་ཚེས15ཉིན་བར་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས། སྲིད་ཁྲིམས་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ནས་འགོ་བརྩམས་ནས། མཚོ་སྔོན་གྱི་དམིགས་བསལ་གནས་ཡུལ་ཁོང་དུ་དམ་པོར་ཆུད་པར་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་ཁུར་ཏེ། འགན་སྒྲུབ་ཕྱོགས་ཡོངས་ལ་ཁྱབ་པ་དང་ཁག་ཁུར་བྱེད་ཕོད་པར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་ཆེད་སྲིད་ཁྲིམས་ཀྱི་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།

ཁྲིན་ཝུན་ཆིན་གྱིས་ཞིང་ཆེན་སྤྱི་བདེ་ཐིན་དུ་བརྙན་རིས་བརྒྱུད་དེ་གནས་ཡུལ་གཙོ་བོ་དང་། ས་གནས་གཙོ་བོའི་སྐོར་ཞིབ་འགོག་སྡོམ་གནས་ཚུལ་ལ་བཀོད་གཏོང་བྱས། ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་མི་རིགས་སློབ་ཆེན་དང་འབྲེལ་ཡོད་ཆོས་ལུགས་སྤེལ་ཡུལ་གྱི་བདེ་འཇགས་བརྟན་སྲུང་བྱ་བར་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། མཁར་བྱང་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་འགལ་རྩོད་སེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། མཚོ་ཤར་གྲོང་ཁྱེར་དུ་གཞི་རིམ་སྤྱི་བདེ་ལས་ཁུངས་སུ་སོང་སྟེ་ཚོགས་ཁག་འགོག་བཅོས་དང་ཚོགས་ཁག་བཅོས་སྐྱོང་གནས་ཚུལ་ལ་བལྟས་ཤིང་། ཕིན་ཨན་ས་ཁུལ་མི་དམངས་ཞིབ་དཔྱོད་ཁང་དུ་སྤྱི་ཕན་གཏུག་བཤེར་དང་ནར་མ་སོན་པའི་མིའི་ཁེ་དབང་སྲུང་སྐྱོབ་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས། ཁྲིན་ཝུན་ཆིན་གྱིས་མཚོ་སྔོན་ནི་མཐའ་མཚམས་བརྟན་སྲུང་དང་བོད་ལྗོངས་སྲ་བརྟན་དུ་གཏོང་བའི་འཐབ་ཇུས་གནས་གཞི་གཙོ་བོ་ཞིག་ཡིན་པས། མཚོ་སྔོན་གྱི་བདེ་འཇགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཁྲིམས་ལྟར་མི་རིགས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་དང་། འཕྲལ་བསྟུན་ཐག་གཅོད་གྲ་སྒྲིག་བྱ་བ་ཤུགས་དྲག་ཏུ་གཏོང་བ། བྱེད་སྒོ་གལ་ཆེན་དང་དུས་རིམ་གལ་ཆེན། ཚོར་སྐྱེན་དུས་རིམ་བཅས་ཀྱི་བདེ་འཇགས་བརྟན་འཇགས་བྱ་བ་ལེགས་པོར་སྒྲུབ་ནས་བོད་འབྲེལ་ཁ་བྲལ་ལ་རྒོལ་བའི་འཐབ་རྩོད་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས། འཇིགས་སྐུལ་ངོ་རྒོལ་འཐབ་རྩོད་ཀྱི་བློ་རྩ་ནམ་ཡང་དམ་པོ་བྱས་ཏེ། ཁྲིམས་ལྟར་ཆོས་ལུགས་ཐལ་དྲགས་རིང་ལུགས་བཅོས་སྐྱོང་བྱེད་པ་དང་། ས་ཁུལ་གལ་ཆེན་དང་གནས་ཡུལ་གལ་ཆེན་གྱི་འགོག་སྲུང་བྱ་བ་ཤུགས་དྲག་ཏུ་བཏང་ནས། འཇིགས་སྐུལ་དང་དྲག་སྤྱོད་དོན་རྐྱེན་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས། སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། ཁོངས་གཏོགས་ས་ཆའི་འགན་འཁྲི་དང་གཙོ་སྐྱོང་ལྟ་སྐུལ་དོ་དམ་སྡེ་ཁག་གི་འགན་འཁྲི། སྲིད་ཁྲིམས་ལས་ཁུངས་ཀྱི་འགན་འཁྲི་བཅས་ནན་དཀྲི་བྱས་ནས། བརྟན་འཇགས་དང་འབྲེལ་བའི་ཉེན་ཁ་ཚབས་ཆེན་ནུས་ལྡན་སྒོས་སྔོན་འགོག་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ཏེ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་། འགལ་བ་དང་རྩོད་གཞི་ནུས་ལྡན་སྒོས་སེལ་ཐུབ་པར་བྱེད་དགོས། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཆ་ཚང་ཞིང་ཡང་དག་སྒོས་དངོས་འབེབས་བྱས་ཏེ། ཉེན་དོན་སྲིད་ཇུས་ཕྱོགས་ཡོངས་དང་ཡང་དག་སྒོས་ལག་བསྟར་བྱེད་པ་དང་། མང་ཚོགས་ཀྱི་ལངས་ཕྱོགས་ནས་བརྟན་པོར་འགྲེང་ནས། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་དོན་རེ་རེའི་ཁྲོད་དུ་འདྲ་མཉམ་དང་དྲང་བདེན་ཚོར་དུ་འཇུག་དགོས་ཞེས་བསྟན།

གཞི་རིམ་སྲིད་ཁྲིམས་ལས་ཁུངས་སུ། ཁྲིན་ཝུན་ཆིན་གྱིས་ལས་ཡུལ་དང་པོའི་ཉེན་རྟོག་ལས་བྱེད་པར་འཚམས་འདྲི་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྒོས་སྤེལ་ཏེ། སྲིད་ཁྲིམས་དཔུང་སྡེའི་ཆབ་སྲིད་དང་། སྤྱོད་ཚུལ། བྱེད་ནུས་འཛུགས་སྐྲུན་ཤུགས་དྲག་ཏུ་གཏོང་བ་དང་། ཀྲུང་དབྱང་གི་སྒྲིག་འགལ་ཟ་འཐུང་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་པའི་བླང་བྱ་དངོས་འབེབས་ནན་མོ་བྱེད་པ། ཏང་ཡོན་ལས་བྱེད་པས་ཁྲིམས་བསྟར་སྲིད་ཁྲིམས་བྱེད་སྒོར་བར་ཆད་བཟོ་བ་དང་། བྱེ་བྲག་གི་གྱོད་གཞི་ཐག་གཅོད་ལ་ཐེ་གཏོགས་བྱེད་པ། ཚུལ་མིན་གྱི་འབྲེལ་འདྲིས་བྱེད་སྟངས་སོགས་ཀྱི་གཏན་འབེབས་དང་འགལ་བ་སྔོན་འགོག་བྱེད་པ་དངོས་འབེབས་ནན་མོ་བྱས་ནས། རྣོ་ལྕགས་ལྟ་བུའི་སྒྲིག་ཁྲིམས་ལ་བརྟེན་ནས་བློ་དཀར་སྤྱོད་གཙང་དང་ཁར་ཁུར་ཡོད་པའི་དུས་རབས་གསར་པའི་སྲིད་ཁྲིམས་ལས་དོན་པ་ཞིག་བྱེད་དགོས་ཤིང་། སྲིད་ཁྲིམས་འགོ་ཁྲིད་ལས་བྱེད་པས་འགོ་ཁྲིད་ཚན་ཆུང་ནན་འཛིན་དང་། དཔུང་སྡེ་ལ་སྣེ་ཁྲིད་བྱས་ནས། རང་གཅུན་ནན་མོ་དང་འགན་འཁྲི་དམ་སྲུང་། ཁོངས་གཏོགས་དོ་དམ་ནན་མོ་བྱེད་དགོས་ཞེས་བླང་བྱ་བཏོན།

རྟོག་ཞིབ་བྱེད་སྐབས། ཁྲིན་ཝུན་ཆིན་གྱིས་ཟི་ལིང་དུ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁ་ཤས་ཀྱི་བོད་འབྲེལ་ཁ་བྲལ་ངོ་རྒོལ་དང་བརྟན་འཇགས་སྲུང་སྐྱོང་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ། བོད་ལྗོངས་དང་སི་ཁྲོན་གྱི་བོད་འབྲེལ་ཁུལ་དང་རྫོང་གི་བདེ་འཇགས་བརྟན་འཇགས་བྱ་བར་བཀོད་སྒྲིག་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།