མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མིས་ཆེད་དོན་རྟོག་ཞིབ་བྱ་བ་སྤེལ།
2025.06.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6པའི་ཚེས9ཉིན་ནས་ཚེས12ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཝང་ལིས་མེན་དང་། མཱ་ཧྲི་ཀུང་། མཱ་ཧྥུའུ་ཁྲང་། ཝང་གོ་ཏུང་། ཆའོ་ཡ་ཆུན། ལིའུ་ཞའོ་རུང་། ཞུའུ་ཆིན་མེན། ཡུན་ཧུང་ཝེ། ཤ་བོ་སྒྲོལ་མ། ཀོ་ཅིན་ཕིན། ཏུང་ཆོན་མེན། ཅང་ཀྲི་ཀང་སོགས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་སྟེ། རང་ཞིང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞིའི་རྩ་གནད་སྒྲིག་བཟོ་བྱ་བའི་གནད་དོན་གལ་ཆེན་རེ་འགའ་ལ་དམིགས་ཏེ་ཆེད་དོན་རྟོག་ཞིབ་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན་རྟོག་ཞིབ་ལ་ཞུགས།

འཐུས་མི་རྣམས་ཀྱིས་གུང་ཧོ་རྫོང་བཏུལ་ཐང་འོད་ནུས་ལས་གཞིའི་འཛུགས་སྐྲུན་གནས་ཚུལ་དང་། རྟ་ནག་མ་གྲོང་རྡལ་གྱི་གྲོང་གསེབ་དར་སྤེལ་ཐོན་ལས་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གནས་ཚུལ། ཝུའུ་ལན་རྫོང་ཚྭ་ཁའི་ཚྭའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དང་། གཏེར་ལེན་ཁ་གྲོང་ཁྱེར་མཚོ་སྔོན་ཀྲུང་ཁུང་ཉི་འོད་ནུས་པའི་གློག་འདོན་ཚད་ཡོད་ཀུང་ཟིའི་འོད་ནུས་ལས་གཞི་དང་། ཁི་ལུའུ་ཁི་གྲོང་རྡལ་གྱི་ཞིང་ལས་ཐོན་ལས་འཕེལ་རྒྱས་གནས་ཚུལ། ཀ་ཧའེ་གྲོང་རྡལ་འཐུས་མིའི་འབྲེལ་གཏུག་གཞུང་ལས་ཁང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་རྟོག་ཞིབ་ཟབ་མོ་བྱས་རྗེས། བཞུགས་མོལ་ཚོགས་འདུ་བསྡུས་ནས་བྱ་བའི་སྙན་ཞུར་ཉན་པ་དང་། རང་ཞིང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་སྒྲིག་བཟོའི་གནས་ཚུལ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་པ། གཞི་གྲངས་ཆེན་མོའི་རྩིས་ནུས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད། དམངས་ཆེན་འཐུས་མིའི་བྱེད་ནུས་འདོན་སྤེལ་བྱས་པ་སོགས་ཀྱི་ཕྱོགས་ནས་བླངས་པའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་པར་མ་ཟད་བསམ་ཚུལ་དང་གྲོས་གཞི་བཏོན་པར་ཉན།

འཐུས་མི་རྣམས་ཀྱིས་བལྟས་ན། ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་སྒྲིག་བཟོ་གང་ལེགས་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་དགོས་ཏེ། འཆར་འགོད་སྒྲིག་བཟོ་བྱེད་ན་རང་ཞིང་གི་སྐྱེ་ཁམས་སྲུང་སྐྱོབ་དང་། ཐོན་ལས་འཕེལ་རྒྱས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་། དམངས་འཚོ་ལེགས་བཅོས་སོགས་ཁྱབ་ཁོངས་གཙོ་བོ་དམིགས་སུ་འཛིན་དགོས་ཤིང་། དམིགས་འབེན་ལས་འགན་གཏན་འཁེལ་དང་བསམ་ཕྱོགས་བྱེད་ཐབས་བཏོན་ནས། མཚོ་སྔོན་གྱི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཀྱི་ཆེད་དུ་ཁ་ཕྱོགས་གཏན་འཁེལ་དང་འཆར་གཞིའི་རེའུ་མིག་འགོད་དགོས་པར་འདོད།

འཐུས་མི་རྣམས་ཀྱིས་ནན་གྱིས་བསྟན་དོན། ཐེངས་འདིའི་ཆེད་དོན་རྟོག་ཞིབ་ཀྱི་གྲུབ་འབྲས་བེད་སྤྱོད་གང་ལེགས་བྱས་ཏེ། རྒྱལ་ཁབ་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞིའི་རྩ་གནད་སྒྲིག་བཟོ་བྱེད་པར་རོགས་ཤུགས་འདོན་པ་དང་། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྔར་ལས་ལེགས་པའི་ཞབས་འདེགས་ཞུ་དགོས།

རིག་འཛིན་སྒྲོལ་མས་བསྒྱུར།