ཞི་ཅིན་ཕིང་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་ཏེ་བརྗོད་དོན་གསུང་བཤད་གནང་།
2025.06.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་ཕྱི་དྲོར། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་གཉིས་པ་ཨ་སི་ཐ་ནཱའི་ཕོ་བྲང་དུ་འཚོགས། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡིས་རྩེ་ཚོགས་ལ་མགོ་འཛིན་བྱས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ། ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧོ་མིན། ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེ་ཨེར་ཏི་མུའུ་ཧ་མེ་ཏའོ་ཧྥུའུ། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མིས་ཨར་ཅི་ཡུའེ་ཡེ་ཧྥུའུ་བཅས་ཐེངས་འདིའི་རྩེ་ཚོགས་ལ་ཞུགས། ཞི་ཅིན་ཕིང་གིས《“ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་སྙིང་སྟོབས”དར་སྤེལ་བཏང་ནས། ས་ཁུལ་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་བརྗོད་དོན་གསུང་བཤད་གནང་།

ས་དེའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་ཕྱི་དྲོར། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་གཉིས་པ་ཨ་སི་ཐ་ནཱའི་ཕོ་བྲང་དུ་འཚོགས། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡིས་རྩེ་ཚོགས་ལ་མགོ་འཛིན་བྱས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ། ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧོ་མིན། ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེ་ཨེར་ཏི་མུའུ་ཧ་མེ་ཏའོ་ཧྥུའུ། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མིས་ཨར་ཅི་ཡུའེ་ཡེ་ཧྥུའུ་བཅས་ཐེངས་འདིའི་རྩེ་ཚོགས་ལ་ཞུགས། གཙོ་འཛིན་ཚོས་མཛའ་མཉེས་ཀྱི་རྣམ་པའི་ཁྲོད་ནས་ཞིས་ཨན་རྩེ་ཚོགས་ཚུན་ལ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱིས་བླངས་པའི་གྲུབ་འབྲས་ལ་མཉམ་དུ་ཕྱིར་མིག་བལྟས་པ་དང་། མ་འོངས་པའི་འཕེལ་རྒྱས་ཁ་ཕྱོགས་ལ་རྒྱང་ལྟ་བྱས་ཏེ། “ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”དར་སྤེལ་གཏོང་བ་དང་། ཡུན་བརྟན་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། མཉམ་དུ་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ལོན་པར་སྐུལ་འདེད་གཏོང་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་བྱུང་།

ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་འཛིན་ཚོ་དང་ལྷན་དུ་མཉམ་པར་བསྐྱོན་རྗེས། རྩེ་ཚོགས་དངོས་ལ་ཞུགས་ཏེ། 《“ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་སྙིང་སྟོབས”དར་སྤེལ་བཏང་ནས། ས་ཁུལ་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་བརྗོད་དོན་གསུང་བཤད་གནང་།

ཞི་ཅིན་ཕིང་གིས་ལོ་གཉིས་ཀྱི་སྔོན་ལ། ང་ཚོ་ཀྲུང་གོའི་ཞིས་ཨན་དུ་ལྷན་འཛོམས་བྱུང་ནས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ཀྱི“ཞིས་ཨན་གྱི་འདུན་མར”མཉམ་དུ་འཆར་འགོད་བྱས་མྱོང་། ལོ་གཉིས་ཀྱི་རིང་ལ། ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་མཉམ་དུ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་དོན་ཟབ་སྤེལ་བྱས་ཏེ་བདེན་ཐུབ་ཀྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་ཡོད་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་ནན་མོ་བཏང་ཡོད་པར་མ་ཟད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་གྱི་གདུང་བཞི་ཀ་བརྒྱད་གཞི་རྩའི་ཆ་ནས་གྲུབ་པར་བྱས་པ་ལས་གཞན། ད་དུང་རྩེ་ཚོགས་སྐབས་དང་པོའི་ཐུན་མོང་ངོས་འཛིན་ཕྱོགས་ཡོངས་ནས་དོན་འཁྱོལ་གང་ལེགས་བྱུང་བར་བརྟེན། མཉམ་ལས་ཀྱི་བགྲོད་ལམ་ཅི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཇེ་ཡངས་ཇེ་རྒྱས་ཡིན་ལ། མཛའ་མཐུན་མེ་ཏོག་ཅི་ཙམ་བཞད་པ་དེ་ཙམ་གྱིས་བཀྲག་མདངས་ལམ་ལམ་མངོན་བཞིན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ང་ཚོའི་བར་གྱི་མཉམ་ལས་ནི་ལོ་ངོ་ཉིས་སྟོང་ལྷག་རིང་གི་མཛའ་མཐུན་འགྲོ་འོང་དངོས་རྩ་བ་བྱས་ཡོད་ཅིང་། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ30ལྷག་འཁོར་བའི་རིང་གི་མཐུན་སྒྲིལ་དང་ཕན་ཚུན་ཡིད་རྟོན་གྱི་ཚད་སྔར་ལས་ཇེ་བརྟན་དུ་བཏང་བ་ལས་བྱུང་བ་ཡིན་ལ། དུས་རབས་གསར་པ་ཚུན་གྱི་སྒོ་འབྱེད་མཉམ་རྒྱལ་འཕེལ་རྒྱས་བཏང་བ་ལས་བྱུང་བ་ཞིག་ཀྱང་ཡིན། ཡུན་རིང་གི་ལག་ལེན་ཁྲོད། ང་ཚོས“ཕན་ཚུན་བརྩི་བཀུར་དང་ཕན་ཚུན་བར་ཡིད་ཆེས་བྱེད་པ།  གཉིས་ཕན་རོགས་རམ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཐུན་མོང་གི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བཞིན”པའི“ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་སྙིང་སྟོབས”འཚོལ་ཞིབ་བྱས་ནས་ངང་གིས་གྲུབ་ཡོད་ཅིང་། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཆེ་ཆུང་ལ་མ་ལྟོས་པར་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། དོན་དག་ཡོད་ན་ཚང་མས་མཉམ་གྲོས་བྱས་ནས་ཐག་གཅོད་བྱེད་པ། གྲོས་མོལ་བྱས་ནས་གཅིག་མཐུན་སྒོས་ཐབས་ཇུས་འདོན་པ། ཕན་ཚུན་བར་གྱི་ཡིད་ཆེས་ཟབ་སྤེལ་གཏོང་བ་དང་མགྲིན་གཅིག་དབྱངས་གཅིག་གིས་ཕན་ཚུན་བར་མོས་མཐུན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་། མི་རིགས་ཀྱི་ལ་རྒྱ་བཅས་ལ་སྲུང་སྐྱོབ་བྱེད་པར་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་དགོས་ལ། ཕན་ཚུན་གྱི་ཁེ་ཕན་གཙོ་བོར་གནོད་པའི་ལས་གང་ཡང་མི་བྱེད་པ། གཉིས་ཕན་མཉམ་རྒྱལ་དང་ཐུན་མོང་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཀུན་གྱི་ཟླ་གྲོགས་སྔོན་ཐོབ་བྱེད་པ། ཕན་ཚུན་བར་འཕེལ་རྒྱས་ཀྱི་གོ་སྐབས་སྟེར་བ། ཕྱོགས་སོ་སོའི་ཁེ་ཕན་ལ་ལྟ་སྐྱོང་བཅས་བྱས་ནས་མང་རྒྱལ་མཉམ་གསོན་མངོན་འགྱུར་བྱེད་དགོས། སོ་སྲུང་རོགས་རེས་དང་ཕྱར་བ་གྲུ་འདེགས་རྒྱུན་འཁྱོངས་བྱས་ཏེ། རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབ་པ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་སྟོབས་ཤུགས་གཅིག་སྒྲིལ་སྒོས་ཁ་གཏད་འཇལ་བ། མཉམ་དུ་ས་ཁུལ་གྱི་བདེ་འཇགས་བརྟན་བརླིང་ལ་སྲུང་སྐྱོང་བཅས་བྱེད་དགོས།  “ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”གྱིས་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་མཉམ་ལས་ལ་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་པའི་དབང་གིས། ང་ཚོས་ཐོག་མཐའ་བར་གསུམ་དུ་སྙིང་སྟོབས་དེ་རྒྱུན་འཁྱོངས་བྱས་ནས་རྒྱུན་ཆད་མེད་པར་དར་རྒྱས་ཆེན་པོ་གཏོང་དགོས་ཞེས་ནན་བཤད་གནང་།

ཞི་ཅིན་ཕིང་གིས་མིག་སྔར། ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་ཅིང་། མིག་སྔའི་འཛམ་གླིང་ནི་གཡོ་འགུལ་དང་འགྱུར་ལྡོག་རྒོད་པའི་དུས་སྐབས་གསར་པར་སླེབས་ཡོད། དྲང་གཞག་དྲང་བདེན་གྱི་བསམ་པ་མི་འགྱུར་བ་དང་གཉིས་ཕན་མཉམ་རྒྱལ་གྱི་འདུན་པ་མ་ལྷོད་པ་ཡིན་ན། གཞི་ནས་འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ། སྒོ་ཁྲལ་དམག་འཁྲུག་དང་ཚོང་དོན་དམག་འཁྲུག་ལ་མཐའ་མཇུག་གི་རྒྱལ་ཁ་ཐོབ་མཁན་མེད་པའི་དབང་གིས། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས། བཙན་དབང་རིང་ལུགས་བཅས་ཀྱིས་མི་གཞན་ལ་གནོད་པ་དང་རང་ཉིད་ལ་གནོད་འཚེ་གཏོང་ངེས་པ་ཁོ་ཐག་ཡིན། ལོ་རྒྱུས་ཕྱི་སྣུར་བྱེད་མི་རུང་བར་ཅིས་ཀྱང་མདུན་ཕྱོགས་སུ་བསྐྱོད་དགོས། འཛམ་གླིང་ཁ་ཐོར་གཏོང་མི་རུང་བར་ཅིས་ཀྱང་མཐུན་སྒྲིལ་བྱེད་དགོས། མིའི་རིགས་ཕྱིར་གདོད་མའི་ཁ་རུབ་ཆོས་ཉིད་དུ་ལོག་མི་རུང་བར་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་དགོས། ང་ཚོས“ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་སྙིང་སྟོབས”སྣེ་ཁྲིད་དུ་བྱས་ཏེ། སྔར་ལས་ཡར་རྒྱས་ཀྱི་རྣམ་འགྱུར་དང་སྔར་ལས་དངོས་སྒྲུབ་ཀྱི་བྱེད་ཐབས་ལ་བརྟེན་ནས་མཉམ་ལས་ལ་ཤུགས་བསྣན་ཏེ།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ཕྱོགས་སུ་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱེད་དགོས་ཞེས་གསུངས།

གཅིག་ནས་ཕན་ཚུན་ཡིད་རྟོན་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་མཐུན་སྒྲིལ་གྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་དབུས་མ་འདི་ཉིད་དུས་རྣམ་ཀུན་ཏུ་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་ལ་འཛིན་པའི་ཁ་ཕྱོགས་སུ་བརྩིས་ཏེ། འཆམ་མཐུན་གྱི་ཁྱིམ་མཚེས་དང་བདེ་འཇགས་ཀྱི་ཁྱིམ་མཚེས། འབྱོར་ཕྱུག་གི་ཁྱིམ་མཚེས་བཅས་དང་མཛའ་མཐུན་ཆེ་ལ་ལྷག་བསམ་ཡོད་པ། ཕན་ཚུན་བར་དཀྱེལ་ཡངས་སྒོམ་པ་བཅས་ཀྱི་འདུ་ཤེས་དང་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་བར་འདྲ་མཉམ་དང་ལྷག་བསམ་ཟོལ་མེད་ཀྱི་ལྟ་སྟངས་བཟུང་ནས། དུས་ནམ་ཡང་གཉེན་ཉེ་དང་ཁྱིམ་མཚེས་བཟང་བོ་རུ་འགྱུར་བར་རེ་ལྟོས་བྱེད་ཀྱིན་ཡོད། རྒྱལ་ཁབ་དྲུག་གིས་ཡུན་བརྟན་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག་ལ་མིང་རྟགས་བཀོད་ནས། བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་རྩ་དོན་ཇེ་བརྟན་དུ་བཏང་ཡོད་ཅིང་། དེ་ནི་རྒྱལ་ཁབ་དྲུག་པོའི་འབྲེལ་བའི་ལོ་རྒྱུས་ངོས་ནས་བཤད་ན་ལམ་ཚད་རྡོ་རིང་གསར་པ་ཞིག་ཡིན་ལ། ཀྲུང་གོའི་མཐའ་འཁོར་ཕྱི་འབྲེལ་གྱི་གསར་གཏོད་ཤིག་ཀྱང་ཡིན་པས། དེང་རབས་དང་དུས་རབས་གཉིས་ཆར་ཕན་པ་ཐོབ་ངེས་གཏན་ཡིན་ཞེས་གསུངས།

གཉིས་ནས་དངོས་གཉེར་ཕན་ཆེ་དང་མཉམ་འདྲེས་གཏིང་ཟབ་ཀྱི་མཉམ་ལས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་དགོས། ང་ཚོས2025ལོ་ནས2026ལོའི་བར་ནི“ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལོར”གཏན་འཁེལ་བྱས་ཏེ། ཉོ་ཚོང་ཤར་གཏོང་ཐུབ་པ་དང་ཐོན་ལས་དངུལ་གཏོང་། ཕན་ཚུན་འབྲེལ་མཐུད། ལྷད་མེད་གཏེར་ཐོན། ཞིང་ལས་དེང་རབས་ཅན། མི་སྣ་འགྲོ་འོང་སོགས་ལ་དམ་པོར་དམིགས་ཏེ། ཞིབ་ཕྲའི་ལས་གཞི་སྔར་ལས་གང་མང་ལག་བསྟར་བྱས་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཨེ་ཤ་ཡ་དབུས་མའི་མཉམ་ལས་སྒྲོམ་གཞིའི་ནང་དུ། དབུལ་པོ་ཉུང་གཏོང་དང་སློབ་གསོ་བརྗེ་རེས། ཐང་རྒོད་ཅན་འགོག་བཅོས་བཅས་ཀྱི་མཉམ་ལས་ལྟེ་གནས་ཆེན་པོ་གསུམ་དང་། ཉོ་ཚོང་ཤར་གཏོང་མཉམ་ལས་སྟེགས་བུ་བཙུགས་ནས། ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་དམངས་འཚོ་དང་འཕེལ་རྒྱས་ལས་གཞི་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། མ་འོངས་པའི་ལོ་གཉིས་ནང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལ་གསོ་སྦྱོང་མི་གྲངས3000མཁོ་འདོན་བྱ་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་གསུངས།

གསུམ་ནས་ཞི་བདེ་ཞོད་འཇགས་དང་སྐྱིད་སྡུག་མཉམ་ཁུར་གྱི་བདེ་འཇགས་ཀྱི་རྣམ་པ་བསྐྲུན་དགོས། ང་ཚོས་ས་ཁུལ་གྱི་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱུ་དང་། ཁྲིམས་འཛིན་བདེ་འཇགས་མཉམ་ལས་མུ་མཐུད་ཟབ་སྤེལ་གཏོང་བ། ཐལ་དྲགས་པའི་བསམ་བློ་མཉམ་འགོག་བྱེད་པ། མཉམ་དུ་ལག་གདང་སྦྲེལ་ནས“སྟོབས་ཤུགས་གསུམ”ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས། མཉམ་དུ་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་དང་རྒྱལ་ཁོངས་ལས་བརྒལ་བའི་ཉེས་གསོག་རྩ་འཛུགས་ལ་རྡུང་རྡེག་གཏོང་བ་དང་། དྲ་རྒྱ་དང་སྐྱེ་དངོས་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུར་ནུས་ཤུགས་གང་ཡོད་སྒོས་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས།

བཞི་ནས་བསམ་པ་གཅིག་མཐུན་དང་ཕན་ཚུན་རྒྱུས་ལོན་དང་འབྲེལ་འདྲིས་བྱེད་པའི་མི་གཞུང་རིག་གནས་འབྲེལ་ཐག་ཇེ་དམ་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་སྒྲིག་གཞི་དང་སྲིད་ཏང་། བུད་མེད། ན་གཞོན། སྨྱན་སྦྱོར། རིག་མཛོད་སོགས་བར་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ནས། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ཟབ་སྤེལ་བྱེད་དགོས། ཨེ་ཤ་ཡ་དབུས་མའི་རིག་གནས་ལྟེ་གནས་དང་མཐོ་སློབ་ཡན་ལག་སློབ་གྲྭ ལུའུ་པན་བཟོ་ཁང་བཅས་སྔར་ལས་གང་མང་བཙུགས་ནས། ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་སོ་སོར་བྱང་ཚད་མཐོ་བའི་འཇོན་མི་སྔར་ལས་གང་མང་གསོ་སྐྱོང་བྱེད་དགོས། ས་གནས་ཀྱི་མཉམ་ལས་ཟབ་སྤེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཀྲུང་དབྱང་ནས་ས་གནས་བར་དང་། གཞུང་ཕྱོགས་ནས་དམངས་ཁྲོད་བར། ཁྱིམ་མཚེས་ས་ཁུལ་ནས་ས་ཁོངས་སྔར་ལས་རྒྱ་ཆེ་བའི་བར་གྱི“སེམས་པ་གཅིག་མཐུན”གྱི་རྣམ་པ་མཉམ་སྐྲུན་བྱེད་དགོས་ཞེས་གསུངས།

ལྔ་ནས་དྲང་གཞག་ལུགས་མཐུན་དང་འདྲ་མཉམ་དང་ལུགས་འབྱུང་གི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་དགོས། ང་ཚོས་མཉམ་དུ་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་གང་ལེགས་གཏོང་དགོས། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ80འཁོར་བའི་ལོ་ཡིན། དཀའ་སྡུག་ཆེ་བའི་དམག་འཁྲུག་གི་ལོ་རབས་སུ། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་ས་ཁུལ་གྱི་མི་དམངས་ཀྱིས་ཕན་ཚུན་རྒྱབ་སྐྱོར་དང་སྐྱིད་སྡུག་མཉམ་མྱོང་བྱས་ཏེ། མཉམ་དུ་མིའི་རིགས་ཀྱི་དྲང་བདེན་བྱ་གཞག་ལ་བྱས་རྗེས་ཆེན་པོ་བཞག་ཡོད། ལོ་རྒྱུས་ཀྱི་ལྟ་བ་ཡང་དག་པ་དར་སྤེལ་གཏོང་བ་དང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ལ་སྲུང་སྐྱོབ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་བཅས་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་བརྟན་བརླིང་རང་བཞིན་དང་ངེས་གཏན་ཡོད་པའི་རང་བཞིན་སྔར་ལས་གང་མང་སྣོན་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་མཇུག་ཏུ་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པར་བརྟེན། རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོས་དུས་རྣམ་ཀུན་ཏུ་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུའི་ཐད་ནས་གཡོ་འགུལ་ཡོད་མི་སྲིད། ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ཏེ། སྤུས་ཚད་སྔར་ལས་མཐོ་བའི་མཉམ་ལས་ཟབ་སྤེལ་དང་ཁེ་ཕན་མཉམ་འདྲེས་ཟབ་སྤེལ་གཏོང་བ། ཐུན་མོང་འཕེལ་རྒྱས་མངོན་འགྱུར་བཅས་བྱས་ཏེ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུ་སོགས་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔའི་འགོ་ཁྲིད་པས་མགྲིན་གཅིག་ཏུ་བཞེད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཕུལ་དུ་བྱུང་བའི་འགོ་ཁྲིད་འོག་ཏུ། ཀྲུང་གོར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་ཀྱིན་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ་དང་། ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་བར་ཁྱོན་ཡོངས་ནས་མཉམ་ལས་བྱས་ནས། རྒྱལ་ཁབ་སོ་སོར་རིན་བྲལ་གྱི་འཕེལ་རྒྱས་གོ་སྐབས་སྤྲད་པར་ཐུགས་རྗེ་ཆེ་ཞུས་པ་ཡིན་ཟེར།

རྩེ་ཚོགས་ཀྱི་སྐབས་སུ། ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་འཛིན་ཚོ་དང་ལྷན་དུ། 《ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་གཉིས་པའི་ཨ་སི་ཐ་ནཱའི་བསྒྲགས་གཏམ》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཅིར་ཅི་སི་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཐ་ཅི་ཁི་སྤྱི་མཐུན་རྒྱལ་ཁབ། ཐུའུ་ཁུའུ་མན་སི་ཐན་སྤྱི་མཐུན་རྒྱལ་ཁབ་བཅས་བར་གྱི་ཡུན་བརྟན་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད།

ཞི་ཅིན་ཕིང་ད་དུང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་འཛིན་ཚོ་དང་མཉམ་དུ། ཀྲུང་གོ་དང་ཨེ་ཤེ་ཡའི་དབུལ་པོ་ཉུང་གཏོང་མཉམ་ལས་ལྟེ་གནས་དང་སློབ་གསོ་བརྗེ་རེས་མཉམ་ལས་ལྟེ་གནས། ཐང་རྒོད་ཅན་འགོག་བཅོས་མཉམ་ལས་ལྟེ་གནས། ཚོང་དོན་ཤར་གཏོང་མཉམ་ལས་སྟེགས་བུ་བཅས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

ཉིན་དེའི་དགོང་མོར། ཞི་ཅིན་ཕིང་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡིས་ཐེངས་འདིའི་རྩེ་ཚོགས་སུ་ཞུགས་པའི་རྒྱལ་ཁབ་སོ་སོའི་གཙོ་འཛིན་ལ་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་སྟེང་ཞུགས།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།