ཟླ་6པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐ་ན་རུ་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་སྐབས་ཐཱ་ཅི་ཁི་སི་ཐན་གྱི་སྲིད་འཛིན་ལཱ་ཧོ་མོན་དང་མཇལ་འཕྲད་གནང་།
ས་དེའི་དུས་ཚོད་ཟླ་6པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐ་ན་རུ་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་ཞུགས་སྐབས་ཐཱ་ཅི་ཁི་སི་ཐན་གྱི་སྲིད་འཛིན་ལཱ་ཧོ་མོན་དང་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ངས་ཐཱ་ཅི་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་བྱས་པ་དང་། ང་ཚོས་ཐུན་མོང་ཐོག་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པའི་འབྲེལ་བ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་འཆར་འགོད་དང་བཀོད་སྒྲིག་གསར་པ་བྱས་ཡོད། ཕྱོགས་གཉིས་ཀྱིས་དོན་འཁྱོལ་དམ་འཛིན་བྱས་ཏེ་དངོས་སྒྲུབ་ཀྱི་གྲུབ་འབྲས་སྔར་ལས་མང་པོ་བླངས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་ཐཱ་ཅི་ཁི་སི་ཐན་གྱི་བློས་འགེལ་ཆོག་པའི་ཁྱིམ་མཚེས་དང་གྲོགས་པོ་ཡིན་པས། ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་། བདེ་འཇགས་བཅས་ལ་སྲུང་སྐྱོང་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་གི་འཐབ་ཇུས་གླེང་མོལ་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་ཚོང་དོན་དང་དངུལ་གཏོང་གཞི་ཁྱོན་ཆེ་རུ་གཏོང་བ་དང་། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཁུང་ཙི་སློབ་གླིང་དང་ལུའུ་པན་བཟོ་ཁང་། ཀྲུང་ལུགས་གསོ་རིག་ལྟེ་གནས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ད་ལོའི་སྟོན་ཁར་ཐཱ་ཅི་ཁི་སི་ཐན་དུ་སྤེལ་རྒྱུ་ཡིན་པའི་ཀྲུང་གོའི་རིག་གནས་ཉིན་མོ་ཡག་པོར་སྒྲུབ་དགོས། ཁྲིམས་འཛིན་བདེ་འཇགས་ཀྱི་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་བཏང་ནས། ངན་ཤུགས་གསུམ་ལ་རྡུང་རྡེག་ཆེན་པོ་གཏོང་དགོས། ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་ཕྱོགས་གཉིས་ཀྱི་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་ཐད་ནས་ཐུན་མོང་གི་ཁེ་ཕན་ལྡན་ལ། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་མཉམ་ལས་སོགས་ཕྱོགས་མང་རྐྱེན་སྲོལ་ཁྲོད་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་སྤྱིའི་གནམ་གཤིས་བཅོས་སྐྱོང་ཁྲོད་ནུས་པ་གལ་ཆེན་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན།
ལཱ་ཧོ་མོན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་ཐཱ་ཅི་ཁི་སི་ཐན་ལ་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་མཛད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མདུན་ལམ་གསར་པ་བཏོད་པ་དང་། ཐཱ་ཅི་ཁི་སི་ཐན་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་ཀྱི་ཆུ་ཚད་གསར་པ་ཞིག་ཏུ་ཇེ་མཐོར་བཏང་ཡོད། ཕྱོགས་གཉིས་ཀྱིས་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་ནན་མོ་བྱེད་ཀྱིན་ཡོད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ། ཉོ་ཚོང་དང་དངུལ་གཏོང་། ཞིང་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ནུས་ཁུངས་གསར་པ་དང་ལྗང་མདོག་ཐོན་ལས། དེ་བཞིན་མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད་པ་དང་། མི་གཞུང་རིག་གནས་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ་དང་། ཐཱ་ཅི་ཁི་སི་ཐན་གྱི་ཀྲུང་གོའི་རིག་གནས་ཉིན་མོ་ཡག་པོར་བསྒྲུབ་པ། ཁྲིམས་བསྟར་བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྐྱེན་སྲོལ་གྱིས་བྱེད་ནུས་སྔར་ལས་ཆེ་བ་འདོན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
མཇལ་འཕྲད་གནང་རྗེས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་དང་། དཔལ་འབྱོར་ཉོ་ཚོང་། འགྲིམ་འགྲུལ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་འགོད་པར་མཉམ་དུ་བདེན་དཔང་གནང་།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གི་བྱེད་སྒོར་ཞུགས།