ཞིང་ཆེན་སྲིད་གྲོས་གྱི་ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ནན་མོ་བྱས་ནས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག་དོན་འཁྱོལ་བྱས་ཚུལ་ལག་བསྟར་བྱས་ནས་ལྟ་སྐུལ་བྱས།
2025.06.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6པའི་ཚེས11ཉིན་ནས16ཉིན་བར། ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་ཞིང་ཆེན་དང་གྲོང་ཁྱེར།  རྫོང་དང་ཆུའུ་བཅས་རིམ་པ་བཞིའི་སྲིད་གྲོས་ཨུ་ཡོན་ཞིབ་དཔྱད་ཞིབ་འཇུག་ཚན་ཆུང་རྩ་འཛུགས་བྱས་པ་དང་། ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ནན་མོ་བྱས་ནས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་དམིགས་ཏེ། ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་ལས་དོན་ལས་ཁུངས་བཅས་སུ་སོང་ནས་དམངས་གཙོ་ལྟ་སྐུལ་བྱས།

ཞིབ་འཇུག་ཚན་ཆུང་གིས་ཡུལ་དངོས་སུ་ལྟ་ཞིབ་བྱས་ནས། བཞུགས་མོལ་ཚོགས་འདུ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་བསམ་འཆར་ལ་ཉན་པ། གནས་པའི་གནད་དོན་དང་མི་འདང་སར་གྲོས་གཞི་བཏོན། ཞིབ་འཇུག་ཚན་ཆུང་གིས་བལྟས་ན། ཞིང་ཆེན་ཐད་གཏོགས་སྡེ་ཁག་དང་སྡེ་ཁག་སོ་སོས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ།  དཀའ་སྤྱད་འབད་བརྩོན་དང་གྲོན་ཆུང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་བྱས་པ་དང་། སྣེ་ཁྲིད་ནས་འཚོ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། གྲོན་ཆུང་ནན་མོ་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་ཐད་ཚད་གཞི་མཐོ་བ་དང་བླང་བྱ་ནན་མོ་བཏོན་ཏེ། མི་ཚང་མར་གྲོན་ཆུང་དང་བྱ་བ་ཡོད་ཚད་ལ་གྲོན་ཆུང་བྱེད་དགོས་པའི་རྣམ་པ་བཟང་པོ་ནུས་ལྡན་ངང་བསྐྲུན་ཡོད།

བརྟག་དཔྱད་ཞིབ་འཇུག་ཚན་ཆུང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་དང་སློབ་གསོའི་འགག་རྩའི་དུས་སྐབས་སུ། ཏང་ཀྲུང་དབྱང་གིས་དུས་བསྟུན་མདུན་སྐྱོད་ཀྱིས་ཏང་དང་སྲིད་གཞུང་ལས་ཁུངས་ཀྱིས་གྲོན་ཆུང་ནན་མོ་ལག་བསྟར་བྱས་ནས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་ནས། ཏང་དང་སྲིད་གཞུང་ལས་ཁུངས་ཀྱིས་སྣེ་ཁྲིད་ནས་འཚོ་བ་རོལ་བའི་ལམ་ལུགས་ཀྱི་གཅུས་གཟེར་སྔར་ལས་ཇེ་དམ་དུ་བཏང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། སྤྱོད་ཚུལ་བཞི་རྒྱུན་མཐུད་ངང་ཡོ་བསྲང་གཏིང་ཟབ་བྱེད་པར་དོན་སྙིང་གལ་ཆེན་ལྡན།  འཚོ་བར་གྲོན་ཆུང་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བཏང་སྟེ། སློབ་སྦྱོང་དང་གོ་བ་ལེན་པའི་ཐད་མདུན་དུ་བསྐྱོད་ནས་མིག་དཔེ་སྟོན་དགོས། ལག་བསྟར་བྱེད་པའི་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་བཏང་སྟེ། གྲོན་ཆུང་ཅན་གྱི་ལས་ཁུངས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རང་རྟོགས་ངང་འཚོ་བ་དམ་པོ་བྱེད་པའི་ལག་ལེན་པ་དང་། དྲིལ་བསྒྲགས་པ། སྐུལ་འདེད་གཏོང་མཁན་བཅས་བྱེད་དགོས། རང་འགུལ་ངང་ལྟ་སྐུལ་དང་ལེན་བྱེད་པའི་བསམ་བློའི་རང་རྟོགས་ཇེ་དྲག་དུ་བཏང་སྟེ། གཞན་གྱི་ལྟ་ཞིབ་འོག་བྱ་བ་སྒྲུབ་པར་གོམས་པར་བྱེད་པ་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་གལ་ཆེན་ལག་ལེན་དུ་བསྟར་ནས་ཕན་འབྲས་ཐོན་པར་ཁག་ཐེག་བྱེད་དགོས།

ཏིང་འཛིན་མཚོ་མོས་བསྒྱུར།