ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ6པའི་ཚེས16ཉིན་ནས་ཚེས18ཉིན་བར་ཅང་སུའུ་རུ་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དཔལ་འབྱོར་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ནུས་ལྡན་དགོས་མཁོ་རྒྱ་བསྐྱེད་པར་ཤུགས་འདོན་པ། ལས་སྒྲུབ་ལས་སྐྲུན་གྱི་སྣང་ཚུལ་གྲུབ་པར་བྱེད་པ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བའི་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེར་བསྐྱེད་དེ། དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་དགོས།
ལིས་ཆང་སྔ་རྗེས་སུ་ཞུས་ཀྲོའུ་གྲོང་ཁྱེར་དང་ནན་ཅིང་གྲོང་ཁྱེར་གྱི་ཁེ་ལས་དང་ཚན་རིག་ཞིབ་འཇུག་ཁང་། བཟོ་སྐྲུན་ཡུལ་དངོས། ཉོ་ཚོང་མཉམ་ལས་སྟེགས་བུ་སོགས་སུ་ཕེབས་ནས། དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། ཅང་སུའུ་ཧུའེ་ཀྲི་རྩེར་སོན་བཟོ་སྐྲུན་འཕྲུལ་ཆས་གསར་གཏོད་ལྟེ་གནས་ཚད་ཡོད་ཀུང་སི་རུ། ལིས་ཆང་གིས་ཚོད་ལྟའི་ལས་གཞི་སོགས་ཀྱི་སྙན་ཞུར་ཉན་པ་དང་། ལྷུ་ལག་གཙོ་བོ་དང་ཐོན་རྫས་ལ་གཟིགས་ཞིབ་གནང་། ཁོང་གིས་བསྟན་དོན། བཟོ་སྐྲུན་འཕྲུལ་ཆས་ལས་རིགས་ཀྱི་རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་གྱི་འཕེལ་རྒྱས་ནི་འཕེལ་ཕྱོགས་གཙོ་བོ་ཡིན། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ཚད་གཞིར་འཛིན་པ་དང་། མི་ཐབས་རིག་ནུས་དང་དག་གཙང་ནུས་ཁུངས་སོགས་ཀྱི་ལག་རྩལ་སྤྱད་དེ། ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། ལས་རིགས་ཀྱི་ཐོན་ཁུངས་གཅིག་སྡུད་བྱེད་པ་དང་། ཁེ་ལས་ཆེ་འབྲིང་ཆུང་གསུམ་གྱི་མཐུན་སྦྱོར་གསར་གཏོད་སྟེགས་བུ་བསྐྲུན་ནས། ཁེ་ལས་ཀྱི་དགེ་མཚན་གསབ་རེས་དང་ཕན་ཚུན་ནུས་པ་འདོན་རྒྱུར་སྐུལ་འདེད་གཏོང་དགོས། ཧྲིན་ཏིས་ཚན་རིག་དང་བཟོ་སྐྲུན་ཡུན་ལུང་མཚེའུ་ཚོད་ལྟ་ཁང་དུ། ལིས་ཆང་གིས་འབྲེལ་ཡོད་ཀྱི་ལག་རྩལ་གོ་མཚོན་ཞིབ་འཇུག་གསར་སྤེལ་དང་འཕེལ་རྒྱས་སོགས་ཀྱི་ངོ་སྤྲོད་ལ་ཉན་པ་དང་། ཚང་མས་ཚན་རྩལ་གསར་གཏོད་དང་ཐོན་ལས་ཀྱི་དགོས་མཁོ་ཟུང་འབྲེལ་ནུས་ལྡན་བྱེད་པ་དང་། གདོད་མའི་གསར་གཏོད་གལ་ཆེན་དང་ལག་རྩལ་འགག་སྒྲོལ་ལ་སྐུལ་འདེད་བཏང་སྟེ། ཐོན་ལས་ཅན་ལག་བསྟར་དང་ཚོང་རའི་དངོས་སྤྱོད་ཁྱབ་གདལ་བྱེད་ཚད་ཇེ་མགྱོགས་སུ་གཏོང་རྒྱུའི་རེ་བ་བཏོན། ནན་ཅིན་རྡུལ་ཕྲན་བཟོ་སྐྲུན་ཞིབ་འཇུག་ཁང་དུ་། ལི་ཆང་གིས་རྡུལ་ཕྲན་རིམ་པའི་བཟོ་སྐྲུན་ལག་རྩལ་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཁོ་ཚོས་འགྲན་ལམ་གསར་བ་དང་ཁྱབ་ཁོངས་གསར་བ་གཙིགས་འཛིན་བྱེད་པ་དང་། མདུན་ལྟའི་རང་བཞིན་གྱི་བཀོད་སྒྲིག་ལ་ཤུགས་སྣོན་པ། རིག་གཞུང་ཚན་ཁག་ལས་བརྒལ་བའི་སྣོལ་སྡེབ་མཉམ་འདྲེས་གསར་གཏོད་དང་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་བཏང་ནས། མ་འོངས་པའི་ཚན་རྩལ་དང་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་ས་འཛིན་རྒྱུའི་སྐུལ་མ་བཏང་།
ལིས་ཆང་ནན་ཅིན་ས་ཚུགས་བྱང་མའི་ལས་གཞིའི་ཡུལ་དངོས་སུ་ཕེབས་ནས། འཆར་འགོད་ཇུས་འགོད་དང་ཨར་ལས་འཕེལ་རིམ་ལ་རྒྱུས་ལོན་མཛད་པ་དང་། ལས་གཞིའི་འགན་ཁུར་མི་སྣ་དང་བཞུགས་མོལ་གནང་ལ། ཚད་གཞི་མཐོ་བའི་སྒོ་ནས་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ་དང་། རྒྱུ་ཆས་གསར་པ་དང་ལག་རྩལ་གསར་པའི་མཁོ་སྤྱོད་ལ་འཚོལ་ཞིབ་བྱེད་པ། ཆ་སྡེབས་སྒྲིག་ཆས་དང་ཐོན་ལས་གྲུབ་ཚུལ་ལ་ཇུས་འགོད་བྱས་ཏེ། ལས་གཞིའི་འགྱེད་འཕྲོ་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུའི་རེ་བ་བཏོན། ཁོང་གིས་ནན་གྱིས་བསྟན་དོན། སྤུས་ཚད་ཧ་ཅང་གལ་ཆེ་བས། ལོ་བརྒྱའི་ཇུས་ཆེན་གྱི་བླང་བྱ་ལྟར་ལས་རིམ་རེ་རེར་ཚོད་འཛིན་ལེགས་པོ་བྱས་ནས། བཟོ་སྐྲུན་འཛུགས་སྐྲུན་གྱི་སྤུས་ཚད་ལ་ཁག་ཐེག་བྱེད་དགོས། པོ་ཞི་ཁྱིམ་སྤྱོད་གློག་ཆས་(ཀྲུང་གོ་)དངུལ་གཏོང་ཚད་ཡོད་ཀུང་སི་རུ། ལིས་ཆང་གིས་ཁེ་ལས་ཀྱི་ལག་རྩལ་ཞིབ་སྤེལ་དང་ཁྲོམ་ར་རྒྱ་བསྐྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། འཛད་སྤྱོད་ཐོན་རྫས་ཀྱི“རྙིང་ཚབ་གསར་བརྗེའི”ཕན་འབྲས་ཀྱི་གནས་ཚུལ་གསལ་བོར་དྲིས་ལ། ཁོ་ཚོས་འབྲེལ་ཡོད་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པ་དང་། བེད་སྤྱོད་བྱེད་མཁན་གྱི་དགོས་མཁོ་གསར་བར་དམིགས་ནས་སྤུས་ལེགས་ཐོན་རྫས་དང་ཞབས་ཞུ་སྔར་ལས་མང་པོ་གསར་སྤེལ་བྱེད་པ་དང་། འཛད་སྤྱོད་ཀྱི་མི་མངོན་པའི་ནུས་ཤུགས་ཕྱིར་གཏོང་བྱེད་རྒྱུའི་རེ་བ་བཏོན། ཁོང་གིས་གསུངས་རྒྱུར། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྲུང་གོར་ཡོང་ནས་དངུལ་གཏོང་ལས་དར་བྱ་རྒྱུར་དགའ་བསུ་ཞུས་པ་ཡིན། ང་ཚོས་རྒྱབ་སྐྱོར་དང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྲུང་གོ་རུ་འཕེལ་རྒྱས་གཏོང་བའི་ཐད་ཁོར་ཡུག་ལེགས་པོ་བསྐྲུན་རྒྱུ་ཡིན།
ཅང་སུའུ་ཨེ་ཤ་ཡ་དབུས་མའི་ལྟེ་གནས་སུ། ལིས་ཆང་གིས་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་དང་རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་འགྲོ་འོང་ལ་ཤུགས་སྣོན་པ། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་དེ། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད་གཏོང་དགོས།
ལིས་ཆང་གིས་བསྟན་དོན། ཅང་སུའུ་ཡི་དཔལ་འབྱོར་གྱི་རྨང་གཞི་བརྟན་པ་དང་། འཕེལ་རྒྱས་ཀྱི་བླང་བྱ་སྔར་ལས་མཐོ། ཅང་སུའུ་ཡི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་འཕེལ་རྒྱས་དམ་འཛིན་ལྷོད་མེད་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་དང་འབད་འཐབ་ནན་མོ་བྱེད་པ། དཔལ་འབྱོར་གྱི་ཞིང་ཆེན་ཆེན་པོས་འགན་གཙོ་བོ་འཁུར་བའི་ནུས་པ་འདོན་སྤེལ་བྱས་ནས། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་བྱས་རྗེས་གང་མང་འཇོག་དགོས།
ཝུའུ་ཀྲིན་ལུང་གིས་མཉམ་དུ་རྟོག་ཞིབ་བྱས།