ཚེས18ཉིན། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་སྐུལ་འདེད་གཏོང་བའི་རྟོག་ཞིབ་གྲོས་མོལ་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས་ནས། འབྲེལ་ཡོད་དམངས་གཙོ་ཏང་ཁག་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་གཙོ་གནད་རྟོག་ཞིབ་ཞིབ་འཇུག་གི་གྲུབ་འབྲས་སྐོར་ནས་གྲོས་མོལ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་གོ་གནས་གལ་ཆེན་དུ་བཞག་སྟེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གལ་ཆེན་གནང་། ང་ཚོས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་ནས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་གསར་གཏོད་རྣམ་པའི་རྒྱལ་ཁབ་གང་མགྱོགས་སྒོས་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི། འཁོར་ཕྱོགས་བཞི་ཡི་འཐབ་ཇུས་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་མངོན་འགྱུར་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པའི་དགོས་ངེས་ཀྱི་དོན་སྙིང་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་གནད་དོན་དང་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཁྲོད་ཀྱི་འགག་གནད་གནད་དོན་ལ་གམིགས་ནས་ཞིབ་འཇུག་གཏིང་ཟབ་དང་གྲུབ་འབྲས་ཐོབ་པར་བྱས་ཏེ། སྤུས་ཚད་མཐོ་བའི་རྟོག་ཞིབ་ཀྱིས་ཏང་དང་སྲིད་གཞུང་གི་ཇུས་ཆོད་ཐད་ཞབས་འདེགས་ཞུ་དགོས།
ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧའོ་མིང་ཅིན་དང་། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚའེ་ཏ་ཧྥིན། ཞིང་བཟོ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧི་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅང་ཙའོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ་བཅས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་རྟོག་ཞིབ་གྲུབ་འབྲས་མཚམས་སྦྱོར་བྱས་པ་མ་ཟད། ཐོན་ལས་གསར་པ་དང་མ་དཔེ་གསར་པ། སྒུལ་ནུས་གསར་པ་བཅས་སྐྱེད་སྲིང་བྱེད་པ་དང་། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། བཟོ་སྐྲུན་ལས་རིགས་གྲངས་འཛིན་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་གསར་གཏོད་སྐྱེ་ཁམས་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ནས་དངོས་གཉེར་གོ་ཆོད་ཀྱི་སྲིད་ཇུས་ཀྱི་གྲོས་གཞི་བཏོན།
ལིས་ཀན་ཅེ་ཡིས་ཚོགས་འདུར་འགོ་འཛིན་བྱས། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་ཏང་ཕྱིའི་མི་སྣ་དང་གྲོས་མོལ་བརྗེ་རེས་བྱས།