ཟླ6པའི་ཚེས18ཉིན་གྱི་སྔ་དྲོ། ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། “མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་འགན་འཁྲི་འཁུར། དྲིན་གཟོ་མདུན་སྐྱོད་བྱས་ནས་ཡང་བསྐྱར་ལམ་དུ་ཆས། དངོས་སྒྲུབ་སྔོན་བརྩོན་གྱིས་ལེའུ་གསར་པ་འབྲི”ཞེས་པ་བརྗོད་དོན་གཙོ་བོར་བཟུང་སྟེ། ད་ལྟ་སྤེལ་བཞིན་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྐྱོར་སྦྱང་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་དེད་ནས་སྙིང་སྟོབས་ཆེན་པོས་མདུན་སྐྱོད་བྱས་ཏེ། དངོས་སྒྲུབ་དང་གྲུབ་འབྲས། ཕན་འབྲས་བཅས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་བརྩེ་སེམས་ལ་དྲིན་ལན་འཇལ།
ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་པོའི་ཚན་གཙོ་ལིས་ཅིན་པེན་དང་ཚན་གཙོ་གཞོན་པ་ཡུས་ཝེ་ཕིང་། དེ་མིན་ཁོངས་མི་རྣམས་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་འགོ་འཛིན་བྱས་ནས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་སློབ་ཁྲིད་བྱས། མགོན་པོ་བཀྲ་ཤིས་དང་ལིའུ་ཆི་ཧྥན་སོགས་ཞིང་ཆེན་གྱི་འགོ་ཁྲིད་པ་ཚོགས་འདུར་ཞུགས། ལིའུ་མེ་ཕིན་དང་ཀྲང་ཅིན་ཀང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། པད་ཁོ། ལིའུ་ཐའོ། ཀྲའོ་ཡུང་། ཧྲིན་ཧུང་ཞིན། ཁྲང་ཐུའུ། སྒར་བ་ངག་དབང་བཟང་པོ་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་ནང་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དྲིན་གཟོ་དང་སྤོབས་སེམས་ཆེན་པོས། “མཚོ་སྔོན་དུ་བྱ་བ་སྒྲུབ་སྐབས་སྲོག་ཤིང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་ཡིན”ཞེས་པའི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྡུད་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རྣམ་པ་གསར་པ་བསྐྲུན་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་ལ་རྣམ་པ་གསར་པ་བསྐྲུན་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་འཕེལ་རྒྱས་གསར་པ་བླངས་པ་དང་། དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་བར་འགན་འཁྲི་གསར་པ་མངོན་ལ། ཏང་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་བླངས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གུང་ཁྲན་ཏང་ལ་བརྩི་བཀུར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གོང་བཀུར་བྱེད་པའི་ཆབ་སྲིད་ཀྱི་ངོས་འཛིན་དང་། བསམ་བློའི་ངོས་འཛིན། བརྩེ་དུང་གི་ངོས་འཛིན་བཅས་ཇེ་དྲག་ཏུ་བཏང་ཡོད། ད་ལྟའི་མཚོ་སྔོན་གྱི་འཕེལ་རྒྱས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་ལས་བྱུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ལ་བརྟེན་ནས་བྱུང་བ་རེད།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་མོ་དང་མངགས་བཅོལ་ཟབ་མོ་ནི་ནམ་ཡང་མཚོ་སྔོན་གྱི་ལས་སྒྲུབ་དང་ལས་གཏོད་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་ཡིན། མིག་སྔར“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་བསྒྲིལ་བ་དང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་གཞི་སྒྲིག་བཟོ་བྱེད་པའི་གནད་འགག་གི་དུས་སྐབས་ཡིན། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་གྱི་བྱ་བ་དངོས་ཟུང་འབྲེལ་བྱེད་ས་སྔར་ལས་ཡང་དག་པར་བཙལ་ནས། ངོས་འཛིན་གཏིང་ཟབ་ཐད་ཡང་བསྐྱར་སློབ་སྦྱོང་བྱས་ཏེ་གོ་བ་ལེན་པ་དང་། ལག་ལེན་དང་བཀོལ་སྤྱོད་ཐད་ཡང་བསྐྱར་མཉམ་འདྲེས་དང་ཡང་བསྐྱར་གཅིག་གྱུར་བྱེད་པ། ཏང་དོ་དམ་དང་ཏང་བཅོས་སྐྱོང་ཐད་ཀྱི་ཚད་གཞི་ཡང་བསྐྱར་མཐོར་འདེགས་སུ་བཏང་སྟེ། སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས་སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་བརྗིད་ཉམས་ལྡན་པའི་འཆར་གཞི་དེ་དོན་དངོས་སུ་བསྒྱུར་ཏེ། ཧུར་བརྩོན་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་དགོས།
གཡང་འབུམ་རྒྱལ་གྱིས་བསྒྱུར།