ཟླ6པའི་ཚེས18ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ཏེ། སློབ་སྦྱོང་སློབ་གསོ་དང་ལན་གྲུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཁྲིན་ཡོན་སྐུ་འཁྲུངས་ནས་ལོ120འཁོར་བའི་དྲན་གསོའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་བློ་མཐུན་ཁྲིན་ཡོན་གྱི་ཕུགས་བསམ་དད་མོས་བརྟན་པོ་དང་ཏང་གཤིས་སྲ་བརྟན་གྱི་རྩ་དོན། བདེན་འཚོལ་དངོས་གཉེར་གྱི་སྤྱོད་ཚུལ། བབ་ཆགས་ཅན་གྱི་གཞུང་ཞབས་པའི་བརྩེ་སེམས། སློབ་སྦྱོང་ཧུར་བརྩོན་གྱི་སྙིང་སྟོབས་བཅས་ལ་སློབ་སྦྱོང་ནན་མོ་བྱས་ཏེ། “གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་དར་རྒྱས་གོང་འཕེལ་བཏང་སྟེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན།
ཚོགས་ཐོག་ནས་བློ་མཐུན་ཁྲིན་ཝུན་ཆིན་གྱིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་ཀྱི་གཏམ་བཤད་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་ཁྲིམས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་ལག་བསྟར་བྱས་ནས། ཉེན་ཁ་སྔོན་འགོག་དང་བདེ་འཇགས་སྲུང་སྐྱོབ། བརྟན་བརླིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་དོན་སོ་སོ་ནན་ཏན་སྒོས་སྒྲུབ་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་མཉམ་འགུལ་བཟང་པོ་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་ཉེ་དུས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་སྲིད་ཇུས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་རྒྱུ་དང་། ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་པ། རྒྱུན་རྣམ་ཅན་གྱི་ངང་ནས“ཕྱིར་ལྟ་བྱེད་པའི་ལས་སྒོ”སྤེལ་བ། རྒྱུན་ལྡན་ཅན་གྱི་སྒོ་ནས་སྐྱོན་ཆ་ཡོ་བསྲང་བྱེད་པ། གནད་དོན་གྱི་ཞིབ་ཐོ་དང་གཅིག་བསྡུས་བཅོས་སྐྱོང་གི་རྩིས་ཐོར་འགུལ་རྣམ་གསར་སྒྱུར་བྱེད་པ། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བའི་ཕན་འབྲས་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་ཐུབ་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ཏེ། མངགས་བཅོལ་བློ་ལ་བརྟན་པོར་ངེས་པར་བྱེད་པ་དང་དྲིན་གཟོ་འབད་བརྩོན་གྱི་བསམ་པ་བཅངས་ནས། སློབ་སྦྱོང་མཐར་ཕྱིན་དང་གོ་བ་མ་ནོར་བ་ལེན་པའི་ཁྲོད་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་། བཀོད་སྒྲིག་བཀོད་གཏོང་གི་ཁྲོད་དུ་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བ། ལམ་སྲོལ་འཐུས་ཚང་དུ་གཏོང་བའི་ཁྲོད་འགན་འཁྲི་ཇེ་དམ་དུ་གཏོང་བ། དངོས་སྒྲུབ་དང་གྲུབ་འབྲས་དངོས། ཕན་འབྲས་དངོས་བཅས་ལ་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ཟབ་བཞེས་ལ་དྲིན་ལན་འཇལ་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང་ཟླ6པའི་ཚེས13ཉིན་བསྡུས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་ཀྲུང་གོའི་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཚོད་ལྟའི་ཉམས་མྱོང་བེད་སྤྱོད་ཡག་པོ་བྱས་ནས། ས་ཁང་བདག་ཁོངས་འཕེལ་རྒྱས་གཏོང་སྟངས་གསར་པ་འཛུགས་སྒྲུབ་བྱེད་རྒྱུ་དང་། ཡིད་རྟོན་ཞིག་གསོའི་ལམ་སྲོལ་འཐུས་ཚང་དུ་གཏོང་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ། སྨན་རྫས་དང་ཟད་གྲོན་རྒྱུ་ཆ་གཅིག་སྡུད་བྱེད་ཐབས་སྔར་ལས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་དང་བདེ་འཇགས་ཐོན་སྐྱེད། གནོད་འགོག་གནོད་སེལ་གནོད་འཕྲི་སོགས་ཀྱི་ལས་དོན་ཤུགས་ཆེན་པོས་དམ་པོར་འཛིན་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་ལན་གྲུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་པ་འཛུགས་སྐྲུན་བྱེད་པའི་ལས་དོན་ལ་ཞིབ་འཇུག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཚྭ་མཚོའི་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་དང་དུག་འགོག ནོར་སྲིད་དཔྱད་འཇོག་སོགས་ཀྱི་བྱ་བའི་གནས་ཚུལ་སྙན་ཞུར་ཉན་པར་མ་ཟད། 《མཚོ་སྔོན་ཞིང་ཆེན་གྱི་ཐོལ་བྱུང་དོན་རྐྱེན་ལ་འཕྲལ་བསྟུན་སྔོན་ཇུས་དོ་དམ་བྱེད་ཐབས》དང《ནོར་སྲིད་དང་དངུལ་རྩ་མཉམ་འགུལ་གྱིས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཐབས་དུ་མར》གྲོས་ཞིབ་བྱས་ནས་གཞི་རྩའི་ཆ་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་སྟེང་ད་དུང་ལས་རིམ་གཞན་དག་ལའང་ཞིབ་འཇུག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།