ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ལ་ཁ་པར་བཏང་།
2025.06.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ6པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། དབུས་ཤར་གྱི་གནས་བབ་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

ཕུའུ་ཅིན་གྱིས་ཨུ་རུ་སུས་མིག་སྔའི་དབུས་ཤར་གྱི་གནས་བབ་ཐད་ཀྱི་ལྟ་སྟངས་ཁྱབ་བསྒྲགས་བྱས་པ་དང་། དབྱི་སི་རལ་གྱིས་དབྱི་ལང་གི་ཉིང་རྡུལ་སྒྲིག་ཆས་ལ་འཇབ་རྒོལ་བྱར་པར་ཉེན་ཁ་ཧ་ཅང་ཆེན་པོ་ལྡན་ལ། འགལ་རྩོད་རིམ་འཕར་བྱེད་རྒྱུ་དེ་ཕྱོགས་གང་རུང་ཞིག་གི་ཁེ་ཕན་དང་མི་མཐུན་པས། དབྱི་ལང་གི་ཉིང་རྡུལ་གནད་དོན་དེ་གླེང་མོལ་དང་གྲོས་མོལ་བྱས་ནས་ཐག་གཅོད་འོས། འགལ་རྩོད་བྱུང་བའི་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཞན་པའི་སྤྱི་དམངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས། མིག་སྔར་གནས་བབ་ད་དུང་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་པ་དང་། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་བརྗེ་རེས་དམ་ཟབ་བྱེད་རྒྱུའི་རྒྱུན་བསྐྱངས་ནས། གནས་བབ་ཞི་ལྷོད་དུ་གཏོང་བར་མཉམ་དུ་འབད་འཐབ་བྱེད་པ་དང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གནང་ནས་བསྟན་དོན།  མིག་སྔར་དབུས་ཤར་ས་ཁུལ་གྱི་གནས་བབ་ཧ་ཅང་ཛ་དྲག་ཡིན་ལ་ཉེན་ཁ་ཆེ་བ་དང་། འཛམ་གླིང་གཡོ་འགུལ་དང་འཕོ་འགྱུར་གྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས་པ་ཡང་བསྐྱར་ར་སྤྲོད་བྱས་ཡོད།  གལ་ཏེ་འགལ་བ་སྔར་ལས་ཇེ་དྲག་ཏུ་གྱུར་ན། འགལ་ཟླ་ཕྱོགས་གཉིས་ལ་གྱོང་གུན་ཆེན་པོ་ཐེབས་པ་མ་ཟད། ས་ཁུལ་དང་རྒྱལ་ཁབ་ལའང་གནོད་འཚེ་ཆེན་པོ་ཐེབས་ངེས་ཡིན། མིག་སྔའི་གནས་ཚུལ་ལ་ཁ་གཏད་དེ། ངས་འདོད་ཚུལ་བཞི་བཏོན་པ་སྟེ།

དང་པོ། དམག་འཁྲུག་མཚམས་འཇོག་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་གི་བྱ་བ་ཞིག་ཡིན། དྲག་ཤུགས་དེ་རྒྱལ་སྤྱིའི་རྩོད་གཞི་ཐག་གཅོད་པའི་ཐབས་ཤེས་ཡང་དག་པ་ཞིག་མིན་པར། འཁོན་འཛིན་དང་འགལ་བ་སྔར་ལས་ཛ་དྲག་ཏུ་གཏོང་ངེས། འགལ་ཟླ་བྱུང་བའི་ཕྱོགས་གཉིས་དང་ལྷག་པར་དུ་དབྱི་སི་རལ་གྱིས་གང་མགྱོགས་སྒོས་དམག་འཁྲུག་མཚམས་འཇོག་པ་དང་། གནས་བབ་ཛ་དྲག་ཏུ་འགྱུར་བར་བཀག་འགོག་བྱས་ནས། དམག་འཁྲུག་ཕྱིར་མི་མཆེད་པར་བྱ་དགོས།

གཉིས་པ། མི་སེར་དཀྱུས་མའི་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་གྱུར་ཡོད། དུས་ནམ་ཡིན་ཡང་། དམག་དོན་འགལ་རྩོད་ཁྲོད་མི་སེར་ལ་སྲུང་སྐྱོབ་བྱེད་པའི་དམར་མཚམས་ལས་བརྒལ་མི་རུང་བ་དང་། ཁྱད་མེད་པར་དྲག་ཤུགས་སྤྱོད་པའི་བྱ་སྤྱོད་ཚང་མ་དང་ལེན་བྱེད་ཐབས་མེད། འགལ་ཟླའི་ཕྱོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་ནན་མོ་བྱས་ནས། ཉེས་མེད་མི་སེར་ལ་གནོད་འཚེ་མི་ཕོག་པར་བྱེད་དགོས་པ་མ་ཟད། རྒྱལ་ཁབ་གཞན་པའི་སྤྱི་དམངས་ཕྱིར་འཐེན་བྱེད་པའི་ཐད་སྟབས་བདེ་བསྐྲུན་དགོས།

གསུམ་པ། གླེང་མོལ་དང་གྲོས་མོལ་བྱེད་རྒྱུ་ནི་རྩ་བའི་ཐབས་ལམ་དུ་གྱུར་ཡོད། བརྗེ་རེས་གླེང་མོལ་བྱ་རྒྱུ་ནི་ཡུན་རིང་ཞི་བདེ་ཡོང་བའི་ཐབས་ལམ་ཡང་དག་ཡིན་པས། ཆབ་སྲིད་ཀྱི་ལམ་ནས་དབྱི་ལང་གི་ཉིང་རྡུལ་གནད་དོན་ཐག་གཅོད་པའི་ཁ་ཕྱོགས་ཆེན་པོ་མི་འགྱུར་བ་དང་། གླེང་མོལ་གྲོས་མོལ་བརྒྱུད་དེ་དབྱི་ལང་གི་ཉིང་རྡུལ་གནད་དོན་དེ་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

བཞི་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐུལ་འདེད་གཏོང་བ་དང་འབད་བརྩོན་བྱེད་རྒྱུ་དེ་མེད་དུ་མི་རུང་བ་ཞིག་ཡིན། དབུས་ཤར་བརྟན་འཇགས་མིན་ན། གནམ་འོག་བདེ་འཇགས་ཡོང་མི་ཐུབ། དབྱི་སི་རལ་དང་དབྱི་ལང་གི་དམག་འཐབ་ཀྱིས་དབུས་ཤར་གྱི་གནས་བབ་ཛ་དྲག་ཏུ་བཏང་བ་མ་ཟད། འཛམ་གླིང་ཡོངས་ཀྱི་བདེ་འཇགས་ལ་ཕོག་ཐུག་ཚབས་ཆེན་བཟོས་ཡོད་། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་འགལ་ཟླའི་ཕྱོགས་ལ་དམིགས་བསལ་གྱི་ཤུགས་རྐྱེན་ཡོད་པའི་རྒྱལ་ཁབ་ཆེན་པོས་གནས་བབ་ཞི་ལྷོད་ཏུ་འགྲོ་བར་འབད་བརྩོན་བྱེད་པ་ལས། དེ་ལས་ལྡོག་པའི་བྱེད་ཐབས་སྤྱོད་མི་རུང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དེའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་འོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོའི་བར་གྱི་བརྗེ་རེས་མཐུན་སྦྱོར་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། སྟོབས་ཤུགས་གཅིག་སྒྲིལ་དང་དྲང་བདེན་འཛིན་སྐྱོང་བྱས་ནས། དབུས་ཤར་ས་ཁུལ་གྱི་ཞི་བདེ་སླར་གསོ་བྱེད་ཆེད་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་འདོད་ཡོད།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཨུ་རུ་སུའི་བར་གྱི་ཆབ་སྲིད་ཀྱི་ཡིད་ཆེས་དང་ཆུ་ཚད་མཐོ་བའི་འཐབ་ཇུས་རོགས་ལས་ལ་གདེང་འཇོག་ཚད་མཐོན་པོ་གནང་བ་དང་། མཐོ་རིམ་གྱི་འགྲོ་འོང་དམ་པོ་རྒྱུན་འཁྱོངས་བྱེད་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་རྒྱུར་མོས་མཐུན་བྱུང་།