ཟླ6པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་ཐེན་ཅིན་གྲོང་ཁྱེར་དུ་སློབ་སྦྱོང་རྟོག་ཞིབ་བྱས། ཐེན་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲེན་མེན་ཨར་དང་། ཐེན་ཅིན་གྲོང་གྲོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཀྲང་ཀུང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་བཅས་ཀྱིས་བཞུགས་མོལ་བྱས།
ཁྲིན་མེན་ཨར་གྱིས་ཐེན་ཅིན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཐེན་ཅིན་དུ་རྟོག་ཞིབ་བྱེད་དུ་ཐོན་པར་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད་པར་བརྟེན། ཉམས་མྱོང་དང་བྱེད་ཐབས་མང་པོ་ཞིག་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ངེས་ཅན་ཡོད། མཚོ་སྔོན་གྱི་རྨ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་ཐེན་ཅིན་ལ་སྤྲད་པའི་གཟི་བརྗིད་ལྡན་པའི་ལས་འགན་ཞིག་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤར་ནུབ་རྒྱུད་མཐུན་སྦྱོར་དང་ཁ་གཏད་རོགས་སྐྱོར་མཉམ་ལས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པར་རྐང་བཙུགས་ནས། ས་གནས་དེ་གའི་དགོས་མཁོ་དང་ཐེན་ཅིན་གྱི་ནུས་པ་ཟུང་སྦྲེལ་སྒོས་བརྩེ་བ་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་ཁ་གཏད་རོགས་སྐྱོར་ལས་དོན་མུ་མཐུད་ལེགས་པར་སྒྲུབ་སྟེ། བབ་བསྟུན་མདུན་སྐྱོད་སྒོས་ཐེན་ཅིན་དང་མཚོ་སྔོན་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་ཐད་གྲུབ་འབྲས་ཆེན་པོ་ལེན་རྒྱུ་ཡིན། ཐོན་ལས་མཉམ་ལས་སྔར་ལས་ཟབ་སྤེལ་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་ཤུགས་སྣོན་པ། ཚན་རྩལ་གྱི་ནུས་པ་འདོན་ཤུགས་ཆེ་རུ་གཏོང་བ། ཁྱད་སྟོབས་ཞིང་ཕྱུགས་ལས་སྟོབས་ལྡན་དུ་གཏོང་བ། ལག་གདང་མཉམ་དུ་སྦྲེལ་ནས“ས་གནས་ཀྱི་ཡུལ་ཐོན་དངོས་རྫས”ཐོན་སྐྱེད་བྱེད་པ་དང་། ནུས་ཁུངས་གསར་པ་དང་རྩིས་ནུས། གཞི་གྲངས་ཆེན་མོ་སོགས་ཐོན་ལས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་དགོས། སྐྱེ་ཁམས་མཉམ་ལས་སྔར་ལས་ཟབ་སྤེལ་གཏོང་བ་དང་། ཐུན་མོང་སྒོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་ཡག་པོ་བྱེད་པ། སྐྱེ་ཁམས་བཅོས་སྐྱོང་དང་ཐཱན་འདུས་ཉོ་ཚོང་སོགས་ཐད་དུ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དམངས་འཚོའི་མཉམ་ལས་སྔར་ལས་ཟབ་སྤེལ་གཏོང་བ་དང་། སློབ་གསོ་དང་སྨན་བཅོས་རོགས་སྐྱོར་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ས་གནས་མང་ཚོགས་ཀྱི་ལས་ཞུགས་དང་ལས་སྐྲུན་ལ་རོགས་རམ་བྱས་ཏེ། མ་དངུལ་དང་ཐོན་ཁུངས་སྔར་ལས་མང་པོ “མིའི་སྟེང་དུ་འཇོག་པ”དང་དམངས་འཚོར་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་བཅངས་པའི་རེ་ལྟོས་སྔར་ལས་ལེགས་པའི་སྒོ་ནས་སྐོང་དགོས། མི་ཚུལ་རིག་གནས་མཉམ་ལས་སྔར་ལས་ཟབ་སྤེལ་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་ཐོན་ཁུངས་མཉམ་སྤྱོད་ལ་ཤུགས་སྣོན་པ། ལས་བྱེད་པ་དང་འཇོན་མིའི་བརྗེ་རེས་དམ་འཛིན་ནན་མོ་བཅས་བྱས་ཏེ། མི་རིགས་སོ་སོའི་མང་ཚོགས་ཀྱི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ཟེར།
ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་བཅས་ཀྱི་ཚབ་བྱས་ནས། ཐེན་ཅིན་གྱིས་དུས་ཡུན་རིང་པོར་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་མཚོ་སྔོན་གྱི་ལས་དོན་ལ་མཐོང་ཆེན་གང་ལེགས་གནང་ནས། མཚོ་སྔོན་ལ་དངོས་སུ་གཟིགས་ཞིབ་ཐེངས་གསུམ་གནང་བ་དང་། རྒྱལ་ཡོངས་དམངས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཐེངས་གཉིས་ལ་ཞུགས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་། ང་ཚོས་གལ་ཆེ་བ་དམ་དུ་འཛིན་པ་དང་གལ་མི་ཆེ་བ་ཟུར་འཇོག་བྱེད་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ལས་དོན་སོ་སོ་ཏན་ཏིག་ངང་ལེགས་པར་བསྒྲུབ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་པའི་འཆར་གཞི་བརྗིད་ཉམས་ཅན་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་རྒྱུར་འབད་བརྩོན་བྱེད་དགོས། ལོ་ངོ15རིང་ལ། ཐེན་ཅིན་དང་མཚོ་སྔོན་གྱིས་རི་ཆུས་བར་ཆོད་པའི་དཀའ་ངལ་ལ་མ་འཛེམ་པར་མཉམ་འགུལ་ཟབ་མོ་བྱས་ཏེ། མི་སེམས་ལ་དྲོད་ཁོལ་སྟེར་བ་དང་དམངས་ཀྱི་འདོད་བློ་དང་མཐུན་པ། དམངས་འཚོར་ཕན་པ་བཅས་ཀྱི་དོན་བཟང་དུ་མ་བསྒྲུབས་ཡོད་པར་བརྟེན། ང་ཚོས་དེའི་ཐད་ནས་ཐོག་མཐའ་བར་གསུམ་དུ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”འཆར་འགོད་བྱེད་ཀྱིན་པའི་གནད་འགག་གི་དུས་སྐབས་སུ། མཚོ་སྔོན་གྱི་མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་དགེ་མཚན་དང་ཐེན་ཅིན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་ཐོན་ཉམས་མྱོང་ཟུང་འབྲེལ་སྔར་ལས་ལེགས་པོ་བྱས་ཏེ། དམངས་འཚོ་ལེགས་བཅོས་ཟབ་སྤེལ་གྱིས“འབྲེལ་འདྲིས་གསུམ”ལ་སྐུལ་འདེད་གཏོང་བ་དང་། ལས་བྱེད་པ་དང་འཇོན་མི་ནང་འདྲེན་སོགས་ཀྱི་མཉམ་ལས་རྨང་གཞིའི་སྟེང་དུ། ཚྭ་མཚོའི་ཐོན་ཁུངས་དང་ནུས་ཁུངས་གཙང་མ། ལྷད་མེད་རྩིས་ནུས། གྲང་བསིལ་སྔོ་ཚལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བར་སྟོང་གསར་པ་སྔར་ལས་གང་མང་རྒྱ་སྐྱེད་བཏང་སྟེ། རོགས་སྐྱོར་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱ་རྒྱུའི་རེ་ལྟོས་ཆེ།
རང་རེའི་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་ཐེན་ཅིན་དུ་སློབ་སྦྱོང་རྟོག་ཞིབ་བྱེད་པའི་རིང་ལ། ཐེན་ཁའེ་མཐོ་རིམ་སློབ་གསོའི་ཚན་རྩལ་གསར་གཏོད་གླིང་དང་ཐེན་ཅིན་གྲོང་ཁྱེར་གྱི་སློབ་འབྲིང་གོ་ལྔ་པ་རུ་རྟོག་ཞིབ་བྱས།
ཐེན་ཅིན་གྲོང་ཁྱེར་གྱི་འགོ་ཁྲིད་ལེན་མའོ་ཅུན་དང་ཝང་ལིས་ཅུན། ཀྲང་ལིན། ཏིས་ལིས་ཞིན། ཝང་ཞིའུ་ཧྥུན་བཅས་དང་། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝུའེ་ཏུང་དང་ཀྲང་ཅིན་ཀང་། ཀྲུའུ་ཞང་ཧྥུན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།