ཀྲའོ་ལི་ཅི་ཡིས་ནང་སོག་ཏུ་རྟོག་ཞིབ་དང་ཁྲིམས་འཛིན་ཞིབ་བཤེར་མཛད།
2025.06.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཟླ6པའི་ཚེས16ཉིན་ནས་ཚེས19ཉིན་བར་ནང་སོག་ཏུ་རྟོག་ཞིབ་མཛད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། དཀྱིལ་སྙིང་ལ་དམིགས་ནས་དམངས་ཆེན་གྱི་འགན་ནུས་འདོན་སྤེལ་བྱས་ཏེ།  དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་བཅོས་སྒྱུར་མཁྲེགས་གཏོར་གྱི་ལས་འགན་ཐད་རམ་འདེགས་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲའོ་ལི་ཅི་སྔ་གཞུག་ཏུ་ཞིན་ཨན་མིན་གྱི་ཨར་ཧྲན་དང་། ཁྲི་ཧྥིན། ཧུའུ་ཧི་ཧའོ་ཐི་བཅས་ཀྱི་གཞིས་ཁུལ་དང་ཁེ་ལས་སུ་ཕེབས་ནས། དམངས་ཆེན་གྱི་འཐུས་མི་དང་ལས་བཟོ་པ། མང་ཚོགས་བཅས་དང་བསམ་ཚུལ་བརྗེ་རེས་མཛད། ཨར་ཧྲན་གྲོང་ཁྱེར་གྱི་དམངས་ཆེན་དང་རང་སྐྱོང་ལྗོངས་ཀྱི་དམངས་ཆེན་ལས་ཁུངས་སུ་རྟོག་ཞིབ་མཛད་དེ། ལས་ཁུངས་ཀྱི་ལས་བྱེད་པར་འཚམས་འདྲི་གནང་བ་དང་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད།

ཀྲའོ་ལི་ཅིས་ནན་གྱིས་བསྟན་དོན།  དམངས་ཆེན་གྱིས་ཏང་གི་འགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། ཏང་ཀྲུང་དབྱང་གི་དམངས་ཆེན་བྱ་བའི་སྐོར་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་། ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི་སོགས་ཀྱི་བྱ་བར་སྐུལ་འདེད་གཏོང་བ། དཔལ་འབྱོར་བསྐྱར་འཕེལ་དང་ལེགས་ཕྱོགས་སུ་འཕེལ་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་དང་ལས་འགན་སྤུས་ཚད་མཐོན་པོས་ཡོངས་འགྲུབ་བྱེད་ཆེད་སྟོབས་ཤུགས་འབུལ་དགོས། དམངས་ཀྱི་འདོད་བློ་མཚོན་པ་དང་དམངས་འཚོ་དང་ཉེ་བར་བཅར་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་དང་། འཐབ་ཇུས་དམངས་ལ་འདྲི་བ་དང་དགོས་མཁོ་དམངས་ལ་དྲིས་ནས། དམངས་ཆེན་བྱ་བའི་དམངས་་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཁྲིམས་སྐྱོང་གི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། སྒྲིག་ཁྲིམས་ལྟར་བྱ་བ་བཟང་བོར་སྒྲུབ་སྟེ། བྱ་བ་སོ་སོ་གཏིང་ཟབ་དང་ཏན་ཏིག་གིས་སྒྲུབ་དགོས། བཟོ་བཅོས་བྱས་རྗེས་ཀྱི་འཐུས་མིའི་བཅའ་ཁྲིམས་ལག་བསྟར་ནན་མོ་བྱེད་པ་དང་། འཐུས་མིའི་བྱ་བའི་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་སྒོས་སྤེལ་བ་དང་། དམངས་ཆེན་གྱི་སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་མཐུད་ངང་དམ་འཛིན་བྱས་ནས། སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་དམངས་ཆེན་གྱི་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ས་གནས་དམངས་ཆེན་གྱིས་ས་གནས་ཏང་ཨུར་དམིགས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི་ལས་འགན་གཙོ་བོ་དོན་འཁྱོལ་བྱེད་པ། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བྱ་བ་སྒྲུབ་སྟེ། འགན་སྒྲུབ་ནུས་པ་ཇེ་ཆེར་གཏོང་བ་དང་བྱ་བའི་གྲུབ་འབྲས་ཇེ་ཆེར་གཏོང་དགོས།

ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་སྣེ་ཁྲིད་དེ་ནགས་ཚལ་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། ནགས་ཚལ་བཟོ་ལས་ཀུང་སིའི་འཕྲལ་བསྟུན་ལས་དོན་ལྟེ་གནས་དང་། ནགས་ར་དང་ནགས་ལས་ལས་བཟོ་པའི་ཁྱིམ་དུ་ཕེབས་ནས། ཡུལ་དངོས་ནས་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་དང་རྒྱུས་ལོན་བྱས་པ་དང་།  འགོ་འཛིན་བྱས་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྲིད་གཞུང་ལས་ཁུངས་དང་ནགས་ལས་ཆེད་མཁས་པ། བྱ་བ་སྒྲུབ་མཁན་བཅས་ཀྱི་ནགས་ཚལ་བཅའ་ཁྲིམས་ལག་བསྟར་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་དང་གྲོས་གཞིར་ཉན།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ནགས་ཚལ་བཅའ་ཁྲིམས་ལག་བསྟར་ནན་མོ་བྱེད་པ། “བྱང་གསུམ་བཟོ་སྐྲུན་མཁྲེགས་གཏོར་བྱ་བ་བཟང་བོར་སྒྲུབ་པ། རང་བྱུང་ནགས་ཚལ་སྲུང་སྐྱོང་དང་མི་ཐབས་ནགས་ཚལ་བསྐྲུན་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། མེས་རྒྱལ་བྱང་རྒྱུད་ཀྱི་ལེ་བར་ཁྲི་ཡི་ལྗང་མདོག་གི་ལྕགས་རི་བསྐྲུན་དགོས། ཁྲིམས་ལྟར་ནགས་བསྐྲུན་པ་དང་ནགས་ཚལ་ལ་སྲུང་སྐྱོབ་བྱེད་པ། ནགས་ལས་དར་རྒྱས་སུ་གཏོང་བའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ནས། ཐོབ་དཀའ་བའི་ལྗང་མདོག་གི་གྲུབ་འབྲས་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས།

ཁྲིམས་ལྟར་ནགས་ཚལ་ཐོན་ཁུངས་ཀྱི་དོ་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ནགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། ནགས་ལས་ཚན་རིག་ཞིབ་འཇུག་ཐད་སྐུལ་སློང་དང་རྒྱབ་སྐྱོར་བྱེད་པ། ནགས་ཚལ་གྱི་མེ་འགོག་དང་གནོད་ལྡན་སྐྱེ་དངོས་ཀྱི་འགོག་བཅོས་ནུས་པ་རྒྱུན་མ་ཆད་པར་ཇེ་ཆེར་གཏོང་བ། ནགས་དཔོན་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། ནགས་ཚལ་གྱི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་ཁྲིམས་ལྟར་རྒོལ་རྡུང་བྱེད་དགོས། རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་ལག་བསྟར་བྱེད་པ། ནགས་ཚལ་གྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་སྟེང་། ནགས་ལས་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ནགས་འབྲེལ་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བ་དང་ནགས་ཁུལ་མང་ཚོགས་ཡོང་འཕར་ཕྱུག་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས།