ཞི་ཅིན་ཕིང་གིས་ནེའུ་ཙི་ལན་གྱི་ཙུང་ལི་ལཱ་ཁོ་སིན་ལ་མཇལ་འཕྲད་གནང་།
2025.06.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ6པའི་ཚེས20ཉིན་གྱི་སྔ་དྲོར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞི་འཚམས་འདྲིར་ཡོང་བའི་ནེའུ་ཙི་ལན་གྱི་ཙུང་ལི་ལཱ་ཁི་སིན་དང་མཇལ་འཕྲད་གནང་།

ཟླ6པའི་ཚེས20ཉིན་གྱི་སྔ་དྲོར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞི་འཚམས་འདྲིར་ཡོང་བའི་ནེའུ་ཙི་ལན་གྱི་ཙུང་ལི་ལཱ་ཁི་སིན་དང་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན།  འབྲེལ་བ་བཙུགས་པའི་ལོ་ངོ50ལྷག་གི་རིང་ལ། ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བའི་ཐད་ནས་རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་ལྡོག་ཆེན་པོ་བརྒྱུད་ན་ཡང་། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་བརྩི་འཇོག་བྱས་པ་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་ཡུན་རིང་པོར་ཀྲུང་གོ་དང་ནུབ་ཕྱོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་བར་གྱི་འབྲེལ་བའི་མདུན་གྲལ་དུ་བསྐྱོད་དེ།  རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་གནས་བདེ་སྐྱིད་བསྐྲུན། ཀྲུང་གོ་དང་ནེའུ་ཙི་ལན་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་བཅུ་ལོ་གཉིས་པ་འགོ་རྩོམ་པའི་དུས་འདིར། ཕྱོགས་གཉིས་གྱིས་བཅུ་ལོ་གསར་པའི་ནང་ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་མཉམ་སྐུལ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོར་སྐྲུན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཀྲུང་གོ་དང་ནེའུ་ཙི་ལན་ཕྱོགས་གཉིས་ཀྱིས་མཉམ་ལས་བྱ་རྒྱུ་དེ་ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ།  ཕན་ཚུན་ཁ་གསབ་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཉོ་ཚོང་དང་དངུལ་གཏོང་མཉམ་ལས་ཟབ་སྤེལ་བྱེད་པ། ཚན་རྩལ་གསར་གཏོད་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱེད་པ། སློབ་གསོ་དང་རིག་གནས། ན་གཞོན།  དམངས་ཁྲོད། ས་གནས་བཅས་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས།  ཕྱོགས་གཉིས་ཀྱི་འབྲེལ་བའི་གོ་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཀྲུང་གོ་དང་ནེའུ་ཙི་ལན་བར་དུ་ལོ་རྒྱུས་ཀྱི་ཞེ་འཁོན་འགལ་ཟླ་མེད་པ་དང་། རྩ་བའི་ཁེ་ཕན་གྱི་འགལ་ཟླ་མེད་པས། ཕན་ཚུན་བརྩི་འཇོག་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱད་པར་དང་མི་མཐུན་སར་ལྟ་སྟངས་ཡང་དག་འཛིན་པ་དང་ཐག་གཅོད་ཡང་དག་བྱེད་དགོས། ད་ལོ་ནི་འཛམ་གླིང་ཧྥ་ཞི་སི་ངོ་རྒོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ80འཁོར་བའི་ལོ་ཡིན་པ་དང་། འཁྲུག་ཆེན་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་སྐྲུན་བྱེད་མཁན་དང་སྲུང་སྐྱོང་བྱེད་མཁན་ཡིན་པའི་ཆ་ནས། ཀྲུང་གོ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་འཛིན་པའི་རྒྱལ་སྤྱིའི་མ་ལག་ལ་མཉམ་དུ་སྲུང་སྐྱོང་བྱེད་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་དུ་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་མཉམ་དུ་སྲུང་སྐྱོང་བྱས་ནས། རྒྱལ་སྤྱིའི་སྒྲིག་ལམ་སྔར་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས།

ལཱ་ཁི་སིན་གྱིས་བསྟན་དོན། ནེའུ་ཙི་ལན་དང་ཀྲུང་གོའི་འབྲེལ་བ་ལ་དོན་སྙིང་གལ་ཆེན་ལྡན། 2014ལོར། ཀྲུའུ་ཞི་ཞི་ཅིན་ཕིང་ནེའུ་ཙི་ལན་དུ་འཚམས་འདྲིར་ཕེབས་པ་དང་། ཕྱོགས་གཉིས་ཀྱིས་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་འཐབ་ཇུས་སྣེ་ཁྲིད་འོག  ཁྱབ་ཁོངས་སོ་སོའི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་ལ། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་པ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱུས་ལོན་བྱེད་པ།  མཐོ་རིམ་འགྲོ་འོང་སྲུང་འཛིན་བྱེད་པ་དང་། ཉོ་ཚོང་དང་དངུལ་གཏོང་གི་གཞི་ཁྱོན་རྒྱ་བསྐྱེད་པ། ཞིང་ལས་དང་ཉ་ལས། འོ་ལས་བཅས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ།  ཡུལ་སྐོར་དང་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མི་གཞུང་བརྗེ་རེས་དམ་ཟབ་ཏུ་སྤེལ་ནས།  ནེའུ་ཙི་ལན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད། དེང་སྐབས་འཛམ་གླིང་དུ་ངེས་གཏན་མིན་པའི་རང་བཞིན་མང་པོ་ལྡན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོས་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་བརྗེ་རེས་མཐུན་སྦྱོར་བཟང་བོ་བྱེད་པ་དང་།  ཕྱོགས་མང་ཉོ་ཚོང་སྒྲིག་སྒྲིག་སྲུང་སྐྱོང་བྱས་ཏེ།  འཛམ་གླིང་ཧྲིལ་པོའི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད། སང་ལོར་ཀྲུང་གོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་གྲོས་ཚོགས་བསྡུ་བར་ནེའུ་ཙི་ལན་ཕྱོགས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱིན་ཡོད།

ཝང་དབྱི་མཇལ་འཕྲད་ལ་ཞུགས།