ལིས་ཆང་གིས་ནེའུ་ཙི་ལན་གྱི་ཙུང་ལི་དང་གྲོས་མོལ་མཛད།
2025.06.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཛད་སྒོ་བསྡུས་ཏེ། ནེའུ་ཙི་ལན་གྱི་ཙུང་ལི་ལཱ་ཁི་སིན་གྱིས་རང་རྒྱལ་ལ་དངོས་གཞིའི་འཚམས་འདྲི་བྱས་པར་དགའ་བསུ་ཞུས།

རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་ཝུའུ་ཀྲིན་ལུང་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།

དགའ་བསུའི་མཛད་སྒོའི་རྗེས་སུ། ལིས་ཆང་གིས་ལ་ཁི་སིན་དང་གྲོས་མོལ་མཛད།

ལིས་ཆང་གིས་བསྟན་དོན། ད་ལྟའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོ་དང་ནེའུ་ཙི་ལན་གྱིས་འཐབ་ཇུས་བརྗེ་རེས་ལ་ཤུགས་སྣོན་པ་དང་། གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་དེ་ཕྱོགས་གཉིས་ཀར་མཚོན་ན་དོན་སྙིང་གལ་ཆེན་ལྡན། ཚེས20ཉིན་གྱི་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་སྲིད་འཛིན་དང་གྲོས་མོལ་མཛད་དེ་དུས་རིམ་རྗེས་མའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་བཤེས་དར་སྤེལ་གཏོང་བ་དང་། ཆབ་སྲིད་་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ནེའུ་ཙི་ལན་གྱི་དཔལ་འབྱོར་ཐད་ནས་ཁ་གསབ་རང་བཞིན་ཆེན་པོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཁེ་ཕན་གྱི་མཐུན་ཆ་སྔར་ལས་མང་པོ་སྔོག་འདོན་བྱེད་པ། ཉོ་ཚོང་གི་གཞི་ཁྱོན་སྔར་ལས་རྒྱ་བསྐྱེད་པ། ནུས་ཁུངས་གསར་པའི་རླངས་འཁོར་དང་། བཟོ་ལས་ལྗང་མདོག་ཐཱན་ཉུང་། གྲངས་འཛིན་ལག་རྩལ་བེད་སྤྱོད་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་སྤེལ་འདོད་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་ནེའུ་ཙི་ལན་དུ་ཚོང་གཉེར་བྱེད་པར་འདྲ་མཉམ་སྒོ་འབྱེད་ཀྱི་ཚོང་གཉེར་ཁོར་ཡུག་འདོན་སྤྲོད་བྱེད་རྒྱུའི་རེ་བ་བཅངས་ཡོད། ཀྲུང་གོས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ་སློབ་གསོ་དང་ཡུལ་སྐོར། ས་གནས་སོགས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕན་ཚུན་རྒྱུས་ལོན་དང་མཛའ་མཐུན་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་སོགས་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ་དང་། སྒྲིག་ལམ་རྨང་གཞིར་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོབ་བྱས་ཏེ། ཟང་ཟིང་གི་འཛམ་གླིང་ལ་བརྟན་ཤུགས་དང་ངེས་གཏན་ རང་བཞིན་སྔར་ལས་མང་པོ་སྣོན་འདོད་ཡོད།

ལཱ་ཁི་སིན་གྱིས་བསྟན་དོན། ནེའུ་ཙི་ལན་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་རྒྱུན་རིང་ཞིང་ཉིན་རེ་བཞིན་ཇེ་བཟང་དུའགྲོ་བཞིན་ཡོད་ལ། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕྱོགས་གཉིར་ཕན་པའི་རྨང་གཞིའི་སྟེང་བཙུགས་ཡོད། ད་ལྟ་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་ཕྱོགས་ཧ་ཅང་བཟང་། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་ཉོ་ཚོང་དང་ཞིང་ལས། ཡུལ་སྐོར། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། མིག་སྔའི་ རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་པ་དང་། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་དང་ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། མཉམ་དུ་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་བྱེད་པ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད།

གྲོས་མོལ་མཇུག་བསྒྲིལ་རྗེས། རྒྱལ་ཁབ་གཉིས་ཀའི་སྲིད་འཛིན་གྱིས་སྒོ་ཁྲལ་ལས་ཁུངས་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་མཉམ་ལས་གྲོས་མཐུན་མང་པོ་འགོད་པར་བདེན་དཔང་གནང་།

ཕྱོགས་གཉིས་ཀས་མཉམ་དུ་ཀྲུང་གོ་དང་ནེའུ་ཙི་ལན་གྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ཀྱི་མཉམ་འབྲེལ་གྲུབ་འབྲས་ཀྱི་གསལ་བསྒྲགས་སྤེལ།

ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས།