ཏེན་ཞུའེ་ཞང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་མཇལ་འཕྲད་གནང་།
2025.06.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས20ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཧྲེང་པིས་ཏི་པའོ་རུ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་མཇལ་འཕྲད་གནང་།

ཏེན་ཞུའེ་ཞང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ཕུའུ་ཅིང་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་སྒྲོག་མཛད། ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུ་ལྟར་ཨུ་རུ་སུར་འཚམས་འདྲི་གནང་བ་མ་ཟད་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་རྗེས་དྲན་ཞུ་བའི་ མཛད་སྒོར་ཞུགས་ཏེ། སྲིད་འཛིན་ཕུའུ་ཅིན་དང་མཉམ་དུ་གོ་རིམ་རྗེས་མའི་ཀྲུང་གོ་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་ཐད་ཇུས་འགོད་གསར་པ་གནང་།   ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུའི་བར་གྱི་ཆབ་སྲིད་ཡིད་རྟོན་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། དངུལ་གཏོང་དང་ནུས་ཁུངས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ།   རྒྱལ་ཁབ་གཉིས་ཀྱི་རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ།  འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད།

ཕུའུ་ཅིན་གྱིས་ཏེན་ཞུའེ་ཞང་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། ཀྲུང་གོར་ཕེབས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཐེན་ཅིན་རྩེ་ཚོགས་དང་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག  འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་རྗེས་དྲན་བྱ་འགུལ་ལ་ཞུགས་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད།