གཙོ་གནད་གྲོས་གཞི་དོན་འཁྱོལ་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་ཆེད། ཟླ6ཚེས18ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་གྲོས་གཞི་ཐག་གཅོད་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་ཆེན་གྱི་འཐུས་མིའི་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་གྱི་བརྡ་ཁྱབ་བཏང་བ་མ་ཟད། འབྲེལ་ཡོད་སྡེ་ཁག་སོ་སོ་དང་དེ་མིན་འཐུས་མིའི་གྲོས་གཞི་འགན་སྒྲུབ་ལས་ཁུངས་དང་བཞུགས་མོལ་བརྗེ་རེས་བྱས།
བརྡ་ཁྱབ་ལས་བསྟན་དོན། འགན་སྒྲུབ་ལས་ཁུངས་སོ་སོའི་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། འཐུས་མིས་བཏོན་པའི་གྲོས་གཞིའི་བྱ་བའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་བཟང་བོར་སྒྲུབ་དགོས། གསར་དུ་བཟོ་བཅོས་བྱས་པའི་འཐུས་མིའི་བཅའ་ཁྲིམས་དོན་འཁྱོལ་དང་ལག་བསྟར་བྱེད་པ་གོ་སྐབས་སུ་བརྩིས་ནས། གནད་འགག་གི་རིམ་པ་ནས་འགོ་བརྩམས་ཏེ་བྱ་བའི་སྒྲིལ་ཤུགས་ཆགས་པར་བྱེད་པ་དང་། འཐུས་མིའི་གྲོས་གཞི་བསྒྲུབ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་ལེན་མཐར་ཕྱིན་དང་དོན་འཁྱོལ་བྱེད་པར་ཟུང་འབྲེལ་བྱས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་དང་ཟུང་འབྲེལ་བྱས་ནས། འཐུས་མིའི་གྲོས་གཞི་དེ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཞན་ཆ་ཁ་གསབ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྲིད་ཇུས་ཀྱི་བྱེད་ཐབས་སུ་བསྒྱུར་དགོས།
བཞུགས་མོལ་བརྗེ་རེས་ཁྲོད། ས་གནས་སོ་སོ་དང་སྡེ་ཁག་སོ་སོ། འགན་སྒྲུབ་ལས་ཁུངས་སོ་སོས་བསྟན་དོན། ཕྱོགས་ཡོངས་ནས་འགན་འཁྲི་ལག་བསྟར་དང་རང་རྟོགས་སྒོས་ལྟ་སྐུལ་དང་ལེན་བྱེད་པ། མི་དམངས་ཀྱི་གཙོ་གཟུགས་གོ་གནས་ལ་བརྩི་འཇོག་བྱེད་པ། འཐུས་མིའི་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་བཅས་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་འཐུས་མིའི་གྲོས་གཞི་ལེགས་པར་བསྒྲུབ་དགོས་པ་དང་། འགན་འཁྲི་སྔར་ལས་ནན་དཀྲི་བྱས་ཏེ། དངོས་སྒྲུབ་དངོས་གཉེར་གྱི་ཆོད་སེམས་དང་ཡག་ཐོག་ཡག་བརྩེགས་ཀྱི་རྣམ་འགྱུར་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་ད་ལོ་དང་སྐབས་འདིའི་འཐུས་མིའི་གྲོས་གཞི་སྣ་ཚོགས་བསྒྲུབས་དགོས་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དང་བྱ་བའི་ཕྱོགས་སོ་སོ་དང་རིམ་པ་སོ་སོ་དངོས་གནས་འཕེལ་རྒྱས་གཏོང་དགོས།
རྒྱུས་ལོན་པ་ལྟར་ན། ཞིང་ཆེན་གྱི་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་སྐབས་སུ། ཞིང་ཆེན་དམངས་ཆེན་འཐུས་མིས་ལྟེ་བར་དམིགས་པ་དང་དམངས་འཚོ་ལ་དོ་ཁུར་བྱེད་པར་དམིགས་ནས། འཐུས་མིའི་གྲོས་གཞི་བསྡོམས་པའི335བཏོན་པ་དང་། གྲོས་གཞི 263དངོས་སུ་བསྒྲུབ་རྒྱུར་སྤྲད། འབྲེལ་གཏུག་གང་ལེགས་བྱས་པ་བརྒྱུད། གཙོ་གནད་སྒྲུབ་སྐུལ་གྱིས་འཐུས་མིའི་གྲོས་གཞི27སྒྲུབ་རྒྱུ་གཏན་འཁེལ་བྱས་པ་དང་། འཕར་ཚད12.5%ཟིན་པས་ལོ་རྒྱུས་ཀྱི་ཆེས་མཐོ་ཤོས་རེད།
ཤ་བོ་རིན་མཚོས་བསྒྱུར།