ཞི་ཅིན་ཕིང་གིས་སིང་ཀ་ཕོར་གྱི་ཙུང་ལི་ལ་མཇལ་འཕྲད་གནང་།
2025.06.25 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས24ཉིན་གྱི་སྔ་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་སིང་ཀ་ཕོར་གྱི་ཙུང་ལི་ཧོང་ཞུན་ཚའེ་ལ་མཇལ་འཕྲད་གནང་།

ཟླ6པའི་ཚེས24ཉིན་གྱི་སྔ་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་སིང་ཀ་ཕོར་གྱི་ཙུང་ལི་ཧོང་ཞུན་ཚའེ་ལ་མཇལ་འཕྲད་གནང་།

 ཞི་ཅིན་ཕིང་གིས་ཧོང་ཞུན་ཚའེ་བསྟུད་མར་ཙུང་ལི་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་སིང་ཀ་ཕོར་བར་འབྲེལ་བ་བཙུགས་ནས་ལོ་སོ་ལྔ་ལོན་པའི་ལོ་ཡིན། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱུས་ལོན་དང་བརྩི་འཇོག་བྱས་ཏེ། ཀྲུང་གོ་དང་སིང་ཀ་ཕོར་གྱི་འབྲེལ་བ་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བརྟན་པོ་བྱས་ཡོད། ཀྲུང་གོ་དང་སིང་ཀ་ཕོར་བར་གྱི་མཉམ་ལས་དེ་ཀྲུང་གོའི་དུས་རིམ་སོ་སོའི་འཕེལ་རྒྱས་ཁ་ཕྱོགས་དང་གཙོ་གནད་ལ་མཐུན་པས། སུའུ་ཀྲོའུ་བཟོ་ལས་གླིང་སོགས་ལྗིད་ཏིག་ཏིག་གི་མཉམ་ལས་གྲུབ་འབྲས་རབ་དང་རིམ་པ་བླངས་ཏེ། རྒྱལ་ཁབ་གཉིས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རམ་འདེགས་གལ་ཆེན་འདོན་སྤྲོད་བྱས་པ་མ་ཟད། ས་ཁུལ་དང་རྒྱལ་ཁབ་ཀྱི་མཉམ་ལས་ཐད་ལའང་ཚད་ཤིང་བཙུགས་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཉམས་མྱོང་དང་བློ་གྲོས་བསྡུ་ལེན་བྱ་དགོས་ལ། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཀྲུང་གོ་དང་སིང་ཀ་ཕོར་བར་གྱི་མཛའ་བརྩེ་ཡི་ལྗོན་ཤིང་ལ་ལོ་འདབ་རྒྱས་པ་དང་གཡུར་ཟའི་གྲུབ་འབྲས་སྨིན་དུ་འཇུག་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་སིང་ཀ་ཕོར་རྒྱལ་ཁབ་གཉིས་ཀྱིས་མཛའ་བརྩེའི་ཁ་ཕྱོགས་ཆེན་པོ་དམ་འཛིན་ནན་མོ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་དམིགས་ཚད་ནས་ཀྲུང་གོ་དང་སིང་ཀ་ཕོར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་བཏང་ནས། ཁ་ཕྱོགས་ཡོ་འཁྱོག་མེད་པ་དང་སྒུལ་ཤུགས་ཆུང་དུ་མི་འགྲོ་བར་འགན་ལེན་བྱེད་དགོས། ཀྲུང་གོ་དང་སིང་ཀ་ཕོར་གྱི་མཛའ་བརྩེ་ཡི་ཆབ་སྲིད་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་རྒྱབ་སྐྱོར་བྱས་ཏེ་ཆུ་ཚད་སྔར་ལས་མཐོ་བའི་ཆབ་སྲིད་ཀྱི་ཡིད་ཆེས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། ཀྲུང་གོས་སིང་ཀ་ཕོར་ཕྱོགས་མུ་མཐུད་དུ་ཀྲུང་གོའི་འཕེལ་རྒྱས་ཁྲོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་དགའ་བསུ་བྱས་པ་ཡིན། ཕྱོགས་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་། གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་བསྐྲུན་ཏེ། ལས་གཞི་གལ་ཆེན་གྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་མཉམ་ལས་ཀྱི་ལེའུ་གསར་པ་མུ་མཐུད་དུ་རྩོམ་དགོས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་འགྲོ་འོང་དང་མི་གཞུང་བརྗེ་རེས་མཉམ་ལས་འབྲེལ་བ་དམ་ཟབ་ལ་སྐུལ་འདེད་བྱས་ནས། ཀྲུང་གོ་དང་སིང་ཀ་ཕོར་བར་གྱི་མཛའ་བརྩེ་སྔར་ལས་མི་སེམས་ལ་སིམ་པར་བྱེད་དགོས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་གྱི་དུས་རབས་འཕེལ་ཕྱོགས་ལ་འགོག་ཐབས་མེད་པ་དང་། འཛམ་གླིང་གིས་བཙན་དབང་རིང་ལུགས་བསྐྱར་དུ་ལག་བསྟར་བྱེད་མི་རུང་ལ། ཡང་བསྐྱར་ཕན་ཚུན་གཉའ་གནོན་གྱི་ཁོར་ཡུག་བསྐྲུན་མི་རུང་བར་འདོད་ཡོད། ཀྲུང་གོ་ནི་སིང་ཀ་ཕོར་དང་མཉམ་དུ། ལོ་རྒྱུས་ཀྱི་ཡང་དག་ཕྱོགས་དང་དྲང་སྙོམས་དྲང་བདེན་གྱི་ཕྱོགས་སུ་ལངས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་སྣེ་ཁྲིད་ནས། འཛམ་གླིང་ཞི་བདེ་དང་བདེ་འཇགས། དར་རྒྱས། ཡར་ཐོན་བཅས་ཀྱི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་ཡིན།

ཧོང་ཞུན་ཚའེ་ཡིས་བསྟན་དོན། སིང་ཀ་ཕོར་དང་ཀྲུང་གོའི་མཛའ་བརྩེའི་ལོ་རྒྱུས་ཀྱི་རྒྱུན་རིང་བ་དང་།  ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་མཉམ་ལས་དམ་ཟབ་བྱུང་ཡོད།  སིང་ཀ་ཕོར་གྱི་འགོ་ཁྲིད་རིམ་བྱུང་ཚང་མས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་ནི་ངས་མུ་མཐུད་དུ་ལས་འགན་འཁུར་རྗེས་ཕྱི་རྒྱལ་དུ་འཚམས་འདྲིར་བསྐྱོད་པའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ཕུད་པའི་རྒྱལ་ཁབ་ཐོག་མ་དེ་ཡིན། སིང་ཀ་ཕོར་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་དུ་རྒྱུན་འཁྱོངས་དང“ཐའེ་ཝན་རང་བཙན”ལ་ངོ་རྒོལ་བྱ་རྒྱུ་ཡིན། རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་ངོ35འཁོར་བར་མཉམ་དུ་རྟེན་འབྲེལ་ཞུ་བའི་སྐབས་འདིར། སིང་ཀ་ཕོར་གྱིས་ཀྲུང་གོ་དར་རྒྱས་གོང་འཕེལ་ལས་བྱུང་བའི་གོ་སྐབས་འདི་གང་ལེགས་སྒོས་སྤྱད་དེ་ཕྱོགས་གཉིས་ཀྱི་ཚོང་དོན་དང་དངུལ་གཏོང་གཞི་ཁྱོན་ཆེ་རུ་གཏོང་བ་དང་། གཞི་གྲངས་དཔལ་འབྱོར་དང་མིས་ཐབས་རིག་ནུས། ནུས་ཁུངས་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཁྱབ་རྒྱ་ཆེ་རུ་གཏོང་བ། མི་གཞུང་བརྗེ་རེས་ལ་ཤུགས་བསྣན་ཏེ། སིང་ཀ་ཕོར་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། གཡོ་འགུལ་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག  སིང་ཀ་ཕོར་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ས་ཁོངས་དང་ཕྱོགས་མང་ལས་སྟེགས་སུ་མཐུན་སྦྱོར་མཉམ་ལས་དམ་ཟབ་བྱས་ཏེ། མཉམ་དུ་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་འདོད་ཡོད་ལ། ཀྲུང་གོས་འཛམ་གླིང་གི་ཞི་བདེའི་ནུས་པ་སྔར་ལས་གལ་ཆེན་འདོན་ཐུབ་པའི་ཡིད་ཆེས་ཡོད།

ཝང་དབྱི་མཇལ་འཕྲད་ལ་ཞུགས།