རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་པེ་ཅིང་དུ་བསྡུས།
2025.06.25 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པས་ཚེས་24ཉིན་གྱི་སྔ་དྲོར། པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་འགོ་འཛིན་མཛད།

གྲོས་ཚོགས་ལས། རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧོང་མིན་གྱིས་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་ཕུལ་བར་ཉན་པ་དང་། ཀྲུའུ་རིན་ཨུ་ཡོན་གཞོན་པ་ཝང་ཧུང་ཞང་གིས་ཚུལ་མིན་འགྲན་རྩོད་ལ་རྒོལ་བའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་ཕུལ་བར་ཉན། རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཚུང་པིན་གྱིས་སྤྱི་པའི་འཕྲོད་བསྟེན་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བའི་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བར་ཉན། ཀྲུའུ་རིན་ཨུ་ཡོན་ཞིན་ཁྲོན་ཡུན་གྱིས་མཚོ་ཐོག་ཚོང་ལས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བར་ཉན། ཀྲུའུ་རིན་ཨུ་ཡོན་གཞོན་པ་ཀྲོའུ་ཀོང་ཆོན་གྱིས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བར་ཉན། ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧི་ཕིན་གྱིས་ཉ་ལས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བར་ཉན། ཀྲུའུ་རིན་ཨུ་ཡོན་གཞོན་པ་ཡོན་ཧྲུའུ་ཧུང་གིས་དམངས་སྤྱོད་མཁའ་འགྲུལ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བར་ཉན།

རྒྱལ་ཡོངས་དམངས་ཆེན་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གིས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དང་། གྲོང་ཁྱེར་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་གྲོས་གཞི་གཉིས་བཏོན་ཡོད། སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དབྱང་ཀྲིན་ཝུའུ་ཡིས་སོ་སོར་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཚོགས་རོགས་སྐྱོབ་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར་དམངས་སྲིད་པུའུ་ཀྲང་ལུའུ་ཀྲི་ཡོན་གྱིས་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྨན་བཅོས་འགན་སྲུང་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཀྲང་ཀྲང་ཁི་ཡིས་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟས་རིགས་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར་རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ལའོ་ཝུན་གྱིས་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཧྭ་ཁྲོན་ཡུན་གྱིས《རྒྱལ་སྤྱིའི་འདུམ་འགྲིག་གླིང་འཛུགས་རྒྱུའི་སྐོར་གྱི་སྤྱི་ཆིངས》ལ་གྲོས་ཞིབ་ཆོག་མཆན་འགོད་རྒྱུའི་གྲོས་གཞིའི་སྐོར་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར་ནོར་སྲིད་པུའུ་ཀྲང་ལན་ཧྥོ་ཨན་གྱིས2024ལོའི་ཀྲུང་དབྱང་གི་ངེས་རྩིས་སྐོར་གྱི་སྙན་ཞུ་ཕུལ།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་སྲིད་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཞུས་ཧོང་ཚའེ་ཡིས2024ལོའི་ཀྲུང་དབྱང་གི་ངེས་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ་ཕུལ་བར་ཉན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། རྩིས་བཤེར་ཧྲུའུ་ཡི་རྩིས་བཤེར་དཔོན་ཧི་ཁའེ་ཡིས2024ལོའི་ལོ་འཁོར་གྱི་ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་ཡོང་གཞན་དག་སྐོར་གྱི་རྩིས་བཤེར་བྱ་བའི་སྙན་ཞུ་ཕུལ་བ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞང་ལིས་པིན་གྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་ཚུལ་སྐོར་གྱི་སྙན་ཞུ་ཕུལ།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དབྱང་ཞའོ་ཁྲའོ་ཡིས་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ཕུལ་བར་ཉན།

གྲོས་ཚོགས་ལས་འབྲེལ་ཡོད་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱས།