ཞི་ཅིན་ཕིང་དང་མོ་ཙམ་པི་ཁེའི་སྲིད་འཛིན་རྣམ་གཉིས་ཀྱིས་ཀྲུང་གོ་དང་མོ་ཙམ་པི་ཁའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་ཐད་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་།
2025.06.26 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

 ཟླ6པའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མོ་ཙམ་པི་ཁེའི་སྲིད་འཛིན་ཁྲ་པོ་རྣམ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། འབྲེལ་བ་བཙུགས་པའི་ལོ་ལྔ་བཅུའི་རིང་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོ་དང་མོ་ཙམ་པི་ཁེ་གཉིས་ཀྱིས་ཕན་ཚུན་ལ་ཡིད་ཆེས་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱས་པས། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་འབྲེལ་བ་སྲ་ཞིང་བརྟན་པ་བྱུང་ཡོད། ཕྱོགས་གཉིས་ཀྱིས་འབྲེལ་བ་བཙུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་དང་། ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་ཚེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྔར་ལས་འོད་སྟོང་འཕྲོ་བའི་མ་འོངས་པ་བསྐྲུན་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད། ངས་ཀྲུང་གོ་དང་མོ་ཙམ་པི་ཁེའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། སྐུ་ཞབས་སྲིད་འཛིན་དང་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད། འབྲེལ་བ་བཙུགས་ནས་ལོ50འཁོར་བ་དེ་འགོ་འཛུགས་ས་གསར་པ་བྱས་ནས། སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་བཏང་སྟེ། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་སོགས་སྒྲོམ་གཞིའི་ནང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་མོ་ཙམ་པི་ཁེའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ལེའུ་གསར་པ་མཉམ་དུ་རྩོམ་དགོས།

ཁྲ་པོ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་དེ་ཏག་ཏག་མོ་ཙམ་པི་ཁེ་ཡིས་སྒེར་ཚུགས་བྱས་ནས་ལོ50འཁོར་བ་དང་འཁེལ་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་དང་སྤུན་ཟླའི་མཛའ་བརྩེ་མངོན་ཡོད། མོ་ཙམ་པི་ཁེ་ཡི་རང་བཙན་གྱི་བགྲོད་ལམ་ཐོག་ཀྲུང་གོའི་ཕྱོགས་ཀྱིས་ཆ་རྐྱེན་ཅི་ཡང་མེད་པའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། མོ་ཙམ་པི་ཁེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་དུ་བརྩི་སྲུང་བྱ་རྒྱུ་ཡིན་པ་དང་། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་ཡོང་བར་འབད་བརྩོན་གང་ཐུབ་བྱེད་པར་རྒྱབ་སྐྱོར་དང་། ཀྲུང་གོའི་ཕྱོགས་ཀྱི་གྲོས་འགོ་གལ་ཆེན་ལ་རྒྱབ་སྐྱོར། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་ཐོག ཕྱོགས་གཉིས་ཀྱི་འབྲེལ་བ་མུ་མཐུད་ཇེ་ཟབ་ཏུ་གཏོང་འདོད་ཡོད། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ་ཐུན་མོང་གིས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱས་ཏེ། འཛམ་གླིང་ཞི་བདེ་དང་བདེ་འཇགས། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད།