ལིས་ཆང2025ལོའི་དབྱར་དུས་ཏ་ཝོ་སི་གླེང་སྟེགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ།
2025.06.26 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཚེས25ཉིན་ཐེན་ཅིན་དུ2025ལོའི་དབྱར་དུས་ཏ་ཝོ་སི་གླེང་སྟེགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཚེས25ཉིན་ཐེན་ཅིན་དུ2025ལོའི་དབྱར་དུས་ཏ་ཝོ་སི་གླེང་སྟེགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ། ཨེ་ཁྭ་ཏོར་གྱི་སྲིད་འཛིན་ནའོ་ཝོ་ཡ་དང་སིང་ཀ་ཕོར་གྱི་ཙུང་ལི་ཧོང་ཞོན་ཚའེ། ཅིར་ཅི་སི་སི་ཐན་གྱི་ཙུང་ལི་ཁ་སེ་མ་ལིས་ཡེ་ཧྥུའུ། སེ་ནེ་ཀལ་གྱི་ཙུང་ལི་སུང་ཁུ། ཡོ་ནན་གྱི་ཙུང་ལི་ཧྥན་མིན་ཀྲིན། དེ་མིན་རྒྱལ་ཁབ་དང་ས་ཁུལ90ལྷག་ནས་ཡོང་བའི་ལས་རིགས་སོ་སོའི་འཐུས་མི་སྟོང་གཅིག་དང་བདུན་བརྒྱ་ལྷག་ཞུགས་ཡོད།

ལིས་ཆང་གིས་བསྟན་དོན། མིག་སྔར་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་རྣམ་པར་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད། འཛམ་གླིང་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་མགྱོགས་མྱུར་སྒོས་འཕེལ་ཞིང་། གསར་དར་ཉོ་ཚོང་གི་གནས་བབ་ཇེ་བཟང་དང་། ས་ཁོངས་མཉམ་ལས་ཉིན་བཞིན་ཇེ་མང་དུ་འཕར་ཞིང་། ཐོན་སྐྱེད་དང་འདོན་སྤྲོད་ཕྲེང་འབྲེལ་ཐར་ཐོར་ཅན་གྱི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་པས། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དང་ལེན་དང་། རང་མོས་ཉོ་ཚོང་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་གཏན་འཇགས་ངང་འཕེལ་བར་སྐུལ་འདེད་གཏོང་དགོས། གཅིག་ནས་འདྲ་མཉམ་གྲོས་མོལ་ཁྲོད་འགལ་བ་སེལ་དགོས། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཡིད་ཆེས་རྨང་གཞི་ཇེ་བརྟན་དུ་གཏོང་འདོད། གཉིས་ནས་གཉིས་ཕན་མཉམ་ལས་ཁྲོད་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོ་མུ་མཐུད་ནས་ཕྱོགས་མང་མཉམ་ལས་ཁྲོད་ཧུར་ཐག་སྒོས་ཞུགས་ཏེ། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་བའི་ངང་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། གསུམ་ནས་འཕར་གྲངས་རྒྱ་སྐྱེད་གཏོང་བའི་གོ་རིམ་ཁྲོད་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་སོ་སོའི་ཐོན་ལས་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་འདོད་ཡོད།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་མུ་མཐུད་ནས་འཛམ་གླིང་གི་ཁྲོམ་རར་ཧུར་ཐག་སྒོས་ཞུགས་ཏེ། འཛམ་གླིང་དཔལ་འབྱོར་གྱི་དགོས་མཁོ་ལྟར་ཀྲུང་གོའི་དཔལ་འབྱོར་གྱི་ནུས་པ་འདོན་རྒྱུ་ཡིན། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་གཏན་འཇགས་ངང་འཕར་བ་དེས་འཛམ་གླིང་གི་དཔལ་འབྱོར་མགྱོགས་མྱུར་ངང་སླར་གསོ་འབྱུང་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་སྲིད། ཀྲུང་གོའི་ཁྲོམ་ར་རྒྱུན་མཐུད་ངང་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་ཕྱིན་པ་ཡིས་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་ཉམས་རྒུད་དུ་འགྲོ་བའི་རྣམ་པ་བསྒྱུར་བར་བར་སྟོང་བསྐྲུན་ཐུབ། ཀྲུང་གོའི་གསར་སྐྲུན་གྱི་ཐོལ་བརྒལ་ཆེན་པོས་འཛམ་གླིང་འཕེལ་རྒྱས་ལ་སྒུལ་ཤུགས་མི་འདང་བར་གསོན་ཤུགས་གསར་པ་སྩོལ་ཐུབ།

ལིས་ཆང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་གླེང་སྟེགས་ཀྱིས“དུས་རབས་གསར་པའི་ཁེ་ལས་པའི་སྙིང་སྟོབས”བརྗོད་གཞི་བྱས་ཡོད་པས་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་སྲིད་གཞུང་གིས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཟང་བོ་གསར་སྐྲུན་བྱ་རྒྱུ་ཡིན་ལ། ནམ་ཡང་སྒོ་འབྱེད་ཀྱི་རྣམ་པས་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོར་དངུལ་གཏོང་དང་ཀྲུང་གོ་རུ་ལས་བསྐྲུན་བྱེད་པ། ཀྲུང་གོ་དང་མཉམ་དུ་འཕེལ་རྒྱས་ལ་བརྩོན་ནས་སྔར་ལས་བདེ་སྐྱིད་ལྡན་པའི་མ་འོངས་པ་བསྐྲུན་པར་དགའ་བསུ་ཞུ་རྒྱུ་ཡིན།

ཁྲིན་མེན་ཨར། ཝུའུ་ཀྲིན་ལུང་འགོ་རྩོམ་མཛད་སྒོར་ཞུགས།