ལིས་ཆང2025ལོའི་དབྱར་དུས་ཏ་ཝོ་སི་གླེང་སྟེགས་བཟོ་ཚོང་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས།
2025.06.26 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཚེས25ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཐེན་ཅིན་དུ2025ལོའི་དབྱར་དུས་ཏ་ཝོ་སི་གླེང་སྟེགས་བཟོ་ཚོང་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས།

འཐུས་མིའི་གཏམ་བཤད་ལ་གསན་རྗེས། ལིས་ཆང་གིས་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དེ། བརྟན་པོའི་ངང་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་ཆ་དང་དགེ་མཚན་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལ་རག་ལས་པ་མ་ཟད། ཚོང་ར་དང་ཁེ་ལས་ཀྱི་སྟོབས་ཤུགས་འདོན་སྤེལ་བྱེད་པར་ཚད་མཐོའི་མཐོང་ཆེན་གནང་བས་ཡིན་ལ། དེའི་ནང་ཕྱི་དངུལ་ཁེ་ལས་ཀྱིས་བྱས་རྗེས་ཆེན་པོ་བཞག་ཡོད་ལ། ཀྲུང་གོས་ཀྱང་ཕྱི་དངུལ་ཁེ་ལས་འཕེལ་རྒྱས་འགྲོ་བར་མདུན་ལམ་ཆེན་པོ་བསྐྲུན་ཡོད་པ་བསྟན།

ལིས་ཆང་གིས་འགྱུར་བག་རྒོད་པའི་འཛམ་གླིང་གི་གནས་བབ་ལ་གདོང་གཏད་ནས། ཕན་ནུས་ལྡན་པའི་བྱ་སྤྱོད་ཀྱིས་ངེས་མེད་རང་བཞིན་དང་ཉེན་ཁའི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་ནས། ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཅིག་ནི་འཛམ་གླིང་ཡོངས་ཀྱི་ཐོན་ལས་ཕྲེང་འབྲེལ་གྱི་བཀོད་པ་ལེགས་སྒྲིག་གཏིང་ཟབ་བྱེད་པའི་རྒྱབ་ལྗོངས་འོག ཐོན་ལས་ཆ་སྒྲིག་གི་སྤུས་ཚད་ལས་ཕྱོད་དེ་བས་གལ་ཆེན་ཡིན། རྒྱལ་ཁོངས་བརྒལ་བའི་ཁེ་ལས་ཀྱི་ཟོང་རྟགས་དང་ཐབས་ལམ། ལག་རྩལ་སོགས་ཀྱི་དགེ་མཚན་དེ། ཀྲུང་གོའི་ཐོན་ལས་ཀྱི་ཆ་སྒྲིག་ལེགས་ཆ་དང་ཟུང་འབྲེལ་བྱས་ན། སྤུས་ཚད་མཐོ་བའི་ཐོན་རྫས་དང་ཞབས་ཞུ་དེ་བས་མང་པོ་ཆགས་ཐུབ། གཉིས་ནི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་རྒྱབ་ལྗོངས་འོག ལག་རྩལ་གསར་པའི་ཐོན་ལས་ཅན་དུ་འགྱུར་བའི་མྱུར་ཚད་དང་རིམ་འཇུག་རིམ་སྤར་གྱི་ནུས་པ་དེ་བས་ཀྱང་གལ་ཆེ། ཀྲུང་གོའི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱི་ཕན་ནུས་ཆེ་བའི་མཉམ་འགུལ་ལ་བརྟེན་ནས། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོར་ཚན་རྩལ་མཉམ་ལས་དང་མཐུན་སྦྱོར་གསར་གཏོད་བྱེད་པར་ཡངས་ཤིང་རྒྱ་ཆེ་བའི་བར་སྟོང་དང་གོ་སྐབས་བཟང་བོ་ལྡན། གསུམ་ནི་རྒྱལ་སྤྱིའི་ཉོ་འཚོང་མཉམ་ལས་ཀྱི་ངེས་གཏན་མེད་པའི་རྒྱུ་རྐྱེན་མང་བའི་རྒྱབ་ལྗོངས་འོག ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་གི་བརྟན་ལྷིང་རང་བཞིན་དེ་བས་གལ་ཆེན་ཡིན། འཕོ་འགྱུར་ཁྲོད་ཀྲུང་གོའི་དཔལ་འབྱོར་གྱིས་ཕྱི་རོལ་གྱི་རྡུང་རྡེག་འགོག་ཐུབ་ལ། རང་ཉིད་དལ་ལྷོད་ཀྱི་བརྟན་བརླིང་རང་བཞིན་སྲུང་འཛིན་བྱེད་ཐུབ་པ་མངོན་ཡོད་ཅིང་། བརྟན་འཇགས་རང་བཞིན་དེ་ད་དུང་ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཕྱི་ཕྱོགས་སྒོ་འབྱེད་བྱེད་པའི་ཐོག་ནས་ཀྱང་མངོན་ཏེ། རྒྱལ་ཁོངས་བརྒལ་བའི་ཁེ་ལས་ཀྲུང་གོ་རུ་ལྷག་ཏུ་འཕེལ་རྒྱས་འགྲོ་ཐུབ་པ་བྱུང་། ཀྲུང་གོས་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོ་རུ་དངུལ་གཏོང་ལས་དར་ཡོང་བར་སྔར་བཞིན་དགའ་བསུ་བྱེད་བཞིན་ཡོད།

རྒྱལ་ཁབ་དང་ས་ཁུལ30ལྷག་ནས་ཡོང་བའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི160ཚོགས་འདུར་ཞུགས། ཚོགས་ཞུགས་བཟོ་ཚོང་ལས་རིགས་ཀྱི་འཐུས་མིས་ཕྱི་དངུལ་ཁེ་ལས་ཀྱིས་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཤིང་། ཀྲུང་གོའི་ཁྲོམ་རར་མུ་མཐུད་དུ་ཟབ་ཞུགས་བྱས་ཏེ། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་མཉམ་བསྲེས་ཀྱིས་ཁེ་ལས་སྔར་ལས་ཀྱང་འཕེལ་རྒྱས་ཆེན་པོ་འབྱུང་རྒྱུ་ཡིན་པ་བསྟན།

ཁྲིན་མེན་ཨར། ཝུའུ་ཀྲིན་ལུང་བཞུགས་མོལ་ཚོགས་འདུར་ཞུགས།