ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཟུར་ཞུགས་བྱས་པའི་འཐུས་མི་དང་བཞུགས་མོལ་གནང་།
2025.06.26 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཚེས25ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པར་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་བཞུགས་མོལ་བརྗེ་རེས་གནང་། ཁོང་གིས་བསྟན་དོན། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་མོ་བྱས་ཏེ་གོ་བ་ནན་ཏན་ལེན་པ། དམངས་ཆེན་གྱི་འགན་ནུས་དང་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ། ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི་སོགས་ཀྱི་བྱ་བར་བརྟེན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

བཞུགས་མོལ་ཚོགས་འདུའི་ཐོག འཐུས་མི་ཚོས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུར་དམིགས་ནས། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་ཚུལ་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུར་གྲོས་ཞིབ་བྱས་པ་དེ་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་པ་དང་། བསམ་འཆར་དང་གྲོས་འགོ་བཏོན། ཀྲའོ་ལི་ཅི་ཡིས་དེ་དག་ལ་ནན་ཏན་གྱིས་གསན་རྗེས། ཚང་མ་དང་བརྗེ་རེས་གཏིང་ཟབ་གནང་། ཁོང་གིས་བསྟན་དོན། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐག་བཅད་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཡིན་ཏེ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སྔར་ལས་ཕུན་སུམ་ཚོགས་པར་བཏང་། དེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། དམངས་ཆེན་འཐུས་མི་དག་ལ་རང་འཁྲིའི་ལས་གནས་དང་བྱ་བའི་གནས་ཚུལ་དངོས་ལ་གཞི་ཚུགས་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་དམིགས་ས་ཡོད་པ་དང་མཐོང་རྒྱ་ཆེ་བའི་གྲོས་གཞི་དང་གྲོས་འགོ་མང་ཙམ་འདོན་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཡོང་བར་རམ་འདེགས་བྱེད་པའི་རེ་བ་ཡོད་ཅེས་གསུངས།

ཀྲའོ་ལི་ཅི་ཡིས་བསྟན་དོན། གསར་དུ་བཟོ་བཅོས་བྱས་པའི་འཐུས་མིའི་བཅའ་ཁྲིམས་ནང་འཐུས་མིས་བསམ་བློ་དང་སྤྱོད་སྟངས་འཛུགས་སྐྲུན་ཐད་ཤུགས་སྣོན་དགོས་པ་དང་། རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་པ་དང་། རང་རྟོགས་ངང་འཐུས་མིའི་སྣང་བརྙན་སྲུང་དགོས་ཞེས་གསལ་བོར་གཏན་འབེབས་བྱས་ཡོད་པས། དམངས་ཆེན་འཐུས་མིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་ཟམ་པ་ཡག་པོ་ཞིག་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་ལས་འགན་སྒྲུབ་པའི་གཞི་རྩའི་ནུས་རྩལ་དུ་བརྩིས་ནས། འཐུས་མིའི་ཆེད་ལས་དང་ཁྱད་ཆོས་འདོན་སྤེལ་བྱེད་པར་དང་དོད་བྱེད་པ། བརྟག་དཔྱད་དང་ཞིབ་འཇུག་ཟུང་འབྲེལ་ལེགས་པོ་བྱེད་པ། དམངས་ཀྱི་འདོད་བློ་དང་དམངས་ཀྱི་བློ་གྲོས་དེ་འབྲེལ་ཡོད་གྲོས་གཞི་དང་གྲོས་འགོ གྲོས་ཞིབ་གཏམ་བཤད་ཁྲོད་མངོན་པར་བྱེད་དགོས་པ་བསྟན།

ཀྲའོ་ལི་ཅི་ཡིས་བསྟན་དོན། དམངས་ཆེན་འཐུས་མིས་དམ་པ་དོན་གཉེར་དང་སྙིང་རུས་ཆེན་པོས་རང་འགན་གཙང་སྒྲུབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། རིགས་གཞུང་གི་ཆུ་ཚད། འགན་སྒྲུབ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དམངས་ཆེན་འཐུས་མིའི་སྣང་བརྙན་བཟང་པོ་སྲུང་སྐྱོང་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་བྱེད་པའི་མིག་དཔེ་འཇོག་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་བྱེད་པར་སྣེ་ཁྲིད་དེ་མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་དགོས་པ་བསྟན།

ལིས་ཧུང་ཀྲུང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་གནང་།