ཟླ6ཚེས25ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས26པའི་གསལ་བཤད་ཚོགས་འདུ་དང་མཉམ་ལས་རྣམ་གྲངས་གལ་ཆེན་གྱི་གྲོས་མཐུན་འགོད་པའི་མཛད་སྒོ་ཟི་ལིང་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་དང་། པེ་ཅིང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་སུན་ཧྲུའོ། ཧྥུའུ་ཅན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་ཁང་ཐའོ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པདྨ་དབང་འདུས་བཅས་ཀྱིས་སྔ་རྗེས་སུ་འོས་སྦྱོར་བྱས་པ་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་སྐབས་བརྒྱད་པའི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལིའུ་ཞིན་ཅན་ཚོགས་འདུར་ཞུགས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་འགོ་འཛིན་བྱས།
ཐེངས་འདིའི་དངུལ་གཏོང་གསལ་བཤད་ཚོགས་འདུ་ལ་སྤུན་ཟླའི་ཞིང་ཆེན་དྲུག་གི་འཐུས་ཚབ་ཚོགས་པ་དང་། ཕྱི་རྒྱལ་གྱི་ཁེ་ལས་གྲགས་ཅན་དགུ། རྒྱལ་ནང་གི་ཁེ་ལས་གྲགས་ཅན་བརྒྱ་དང་སོ་བཞི། སྤྱི་ཚོགས་ཚོགས་པ་དང་། ཚོང་ལས་མཐུན་ཚོགས། དངུལ་རྩའི་སྒྲིག་གཞི་སོ་བདུན་བཅས་ཞུགས་ཡོད། ཀྲུང་གོའི་གཏེར་ལྔ་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་། ཁའེ་མའེ་ཞི་ཞིབ་ཚགས་འཕྲུལ་ཆས་པེ་ཅིང་ཚད་ཡོད་ཀུང་ཟི། ཧང་ཀྲོའུ་ཀྲུང་ནུན་འོད་གློག་ཚན་རྩལ་ཚད་ཡོད་ཀུང་ཟི་བཅས་ཀྱི་འཐུས་མིས་གཙོ་དོན་གཏམ་བཤད་གནང་། ཚོགས་འདུའི་སྟེང་མཉམ་ལས་རྣམ་གྲངས་གལ་ཆེན་གྱི་གྲོས་མཐུན་འགོད་པའི་མཛད་སྒོ་བསྡུས་ཤིང་། བསྡོམས་པས་སྒྲོམ་གཞིའི་གྲོས་མཐུན2དང་དངུལ་གཏོང་གྲོས་མཐུན25བཀོད་པ་དང་། གྲོས་མཐུན་བཀོད་པའི་དངུལ་གྲངས་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་བཞི་དུང་ཕྱུར་དྲུག་བྱེ་བ་ལྔ་ཡིན་ལ། དེ་ནུས་ཁུངས་གསར་པ་དང་། རྒྱུ་ཆ་གསར་པ། མདོག་ལྡན་ལྕགས་རིགས་ལྕགས་བཞུ། ལྗང་མདོག་རྩིས་ནུས། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ། ཚོང་དོན་ཟོག་སྐྱེལ། རྨང་གཞིའི་སྒྲིག་བཀོད་བཅས་ཁྱབ་ཁོངས་བདུན་དང་འབྲེལ་ཡོད།
དངུལ་གཏོང་གསལ་བཤད་ཚོགས་འདུ་བསྡུས་པའི་དམིགས་ཡུལ་ནི་སྲིད་གཞུང་དང་ཁེ་ལས་ལ་བརྗེ་རེས་མཉམ་ལས་ཀྱི་སྟེགས་བུ་བསྐྲུན་ནས་སྲིད་གཞུང་དང་ཁེ་ལས་མཉམ་ལས་ཀྱི་བསམ་བློ་གཅིག་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་མཐུན་སྦྱོར་གྱི་འཆར་གཞི་ཡག་པོ་འབྲི་བ། ཐོན་ཁུངས་མཉམ་སྤྱོད་ཀྱི་རྣམ་པ་ཡག་པོ་བཏོད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་གྲུབ་པར་བྱ་རྒྱུ་དེ་རེད།
ཤ་བོ་གསེར་མཚོས་བསྒྱུར།