2025ལོའི“ཅང་སུའུ་ཡི་ཁེ་ལས་གྲགས་ཅན་མཚོ་སྔོན་དུ་སྐྱོད་པའི”བྱེད་སྒོ་དང་ཅང་སུའུ་དང་མཚོ་སྔོན་གྱི་ཐོན་ལས་དངུལ་གཏོང་གྲོས་མོལ་ཚོགས་འདུ་བསྡུས།
2025.06.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས25ཉིན་གྱི་ཕྱི་དྲོ། 2025ལོའི“ཅང་སུའུ་ཡི་ཁེ་ལས་གྲགས་ཅན་མཚོ་སྔོན་དུ་སྐྱོད་པའི”བྱེད་སྒོ་དང་ཅང་སུའུ་དང་མཚོ་སྔོན་ཐོན་ལས་དངུལ་གཏོང་གྲོས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཅང་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧུའུ་ཀོང་ཅེ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ།

ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་བར་ཐག་ལ་ལེ་བར་སྟོང་ཡོད་མོད། འོན་ཀྱང་རི་ཆུ་འབྲེལ་ཞིང་མཛའ་བརྩེ་ཟབ། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་རོགས་ལས་བྱས་པ་ནས་བཟུང་། ཞིང་ཆེན་གཉིས་ཀྱིས་མཐུན་སྦྱོར་ངང་ཁྱད་ལྡན་ཐོན་ལས་མཐོར་འདེགས་དང་། ཐོན་ལས་འདུ་འཛོམས་གསར་གཏོད། འཛད་སྤྱོད་ཀྱིས་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་རོགས་སྐྱོར་བྱེད་པ། ངལ་རྩོལ་རོགས་ལས་ཀྱི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བའི“བྱེད་ཐབས་བཞི”ལག་ཏུ་བསྟར་བ་དང་། མཉམ་ལས་རྣམ་གྲངས800ལྷག་ལག་བསྟར་བྱས་པ་ལས། ཁེ་ལས80ལྷག་མཚོ་སྔོན་དུ་གཞིས་ཆགས་ཡོད་ལ། དངོས་སུ་མ་དངུལ་སྒོར་ཐེར་ཆེན་གཅིག་ལྷག་བཏང་ནས་ཐོན་ལས་གླིང27མཉམ་སྐྲུན་བྱས་ཏེ། མཚོ་སྔོན་གྱིས་གྲོང་གསེབ་དར་སྤེལ་གཏོང་བར་ནུས་ཡོད་སྒོས་སྐུལ་འདེད་བཏང་བར་མ་ཟད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར“ཅང་སུའུ་ཡི་སྒུལ་ནུས”བསྣན་ཡོད་པ་དང་། ཅང་སུའུ་ཡི་དམངས་གཉེར་ཁེ་ལས་ལ་འཕེལ་རྒྱས་ཀྱི་ལམ་ཁ་གསར་བ་འདོན་སྤྲོད་བྱས་ཡོད།

ད་ལོ་ནི་ཅང་སུའུ་ཡིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ15འཁོར་བའི་ལོ་ཡིན་ལ། ཅང་སུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་པ་རྩ་འཛུགས་བྱས་ཏེ་མཚོ་སྔོན་དུ་ཐོན་ལས་དངུལ་གཏོང་གྲོས་མོལ་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་། ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་འོས་སྦྱོར་བྱས་པ་དང་། ཁེ་ལས་པའི་འཐུས་མིས་བརྗེ་རེས་གཏམ་བཤད་སྤེལ། མཉམ་ལས་རྣམ་གྲངས7ལ་གྲོས་མཐུན་བཀོད། དངུལ་གཏོང་གྲོས་མོལ་ཚོགས་འདུ་བདེ་བླག་ངང་བསྡུས་པ་ལས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་དང་སྒུལ་ཤུགས་གསར་པ་སྣོན་ཐུབ།

ཚེ་མགོན་རྒྱལ་གྱིས་བསྒྱུར།