ཟླ6པའི་ཚེས25ཉིན་ཏེ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས26པའི་འགོ་རྩོམ་པའི་སྐབས་སུ། མཚོ་སྔོན་དངུལ་གཏོང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་འོས་སྦྱོར་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་ཤིས་ཚིག་ཕུལ།
ཐེངས་འདིའི་འོས་སྦྱོར་ཚོགས་འདུའི་དམིགས་ཡུལ་ནི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་སྟེགས་བུ་གསར་པ་བསྐྲུན་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་རྒྱལ་ཁབ་དང་ས་ཁུལ་གྱིས་ཕྱོགས་གཉིས་དངུལ་གཏོང་དང་དངོས་ཟོག་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བར་སྟོང་མཉམ་དུ་རྒྱ་སྐྱེད་གཏོང་བ་དང་། མཚོ་སྔོན་གྱི་དགེ་མཚན་ལྡན་པའི་ཐོན་ལས་དང་ཕྱི་རྒྱལ་གྱི་ཐོན་ལས་འབྲེལ་མཐུད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། ལྗང་མདོག་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་སྤྱོད་བྱ་རྒྱུ་དེ་རེད།
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་རེས་སྐོར་གསར་པའི་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྒོ་འབྱེད་འཐབ་ཇུས་ཁྲོད་ངེས་གནས་བཙལ་ནས་རང་སྟེང་གི་ལེགས་ཆ་དང་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་ཐབས་ལམ་མུ་མཐུད་དུ་རྒྱ་སྐྱེད་གཏོང་བ། ཕྱི་ཕྱོགས་ཚོང་དོན་དང་ཕྱི་རྒྱལ་གྱི“གྲོགས་ཚོམས”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཕྱི་ཕྱོགས་ཅན་གྱི་དཔལ་འབྱོར་གསོན་ཤུགས་ཆེ་རུ་གཏོང་བ། “ཕྱི་ལ་འགྲོ་བ་དང་ནང་འདྲེན་བྱེད་པ”ཟུང་འབྲེལ་རྒྱུན་འཁྱོངས་བྱས་པ་བརྒྱུད། དགེ་མཚན་ལྡན་པའི་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ཁབ་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་ཀྱིས་ཕན་ཚུན་རོགས་རམ་བྱེད་པའི་ཁྱོན་ཡོངས་ཀྱི་སྒོ་འབྱེད་རྣམ་པ་མགྱོགས་མྱུར་ངང་ཆགས་པ་རེད།
འོས་སྦྱོར་ཚོགས་འདུའི་སྟེང་ཞིང་ཆེན་ཚོང་དོན་ཐིན་དང་། ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སོགས་ས་ཁུལ་དང་སྡེ་ཁག་གིས་སྔ་རྗེས་སུ་སྒོ་འབྱེད་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་དང་། “དཔལ་འབྱོར་རྣམ་པ་བཞི།” ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས། རྩེར་སོན་ཞིབ་ཚགས་རྫས་འགྱུར་བཟོ་ལས་ཐོན་ལས། སྔོན་ཐོན་བཟོ་སྐྲུན་ལས་རིགས་སོགས་ལ་དམིགས་ནས་འོས་སྦྱོར་བྱས། ཡུལ་དངོས་སུ་དངུལ་གཏོང་དང་སྤུས་རྟགས་ནང་འདྲེན་རིགས་དང་། ཕྱིར་གཏོང་ནང་འདྲེན་དང་ཉོ་ཚོང་དངུལ་གཏོང་བསྡུ་སྒྲིལ་རིགས། ཕྱིར་གཏོང་ཡིད་རྟོན་འགན་བཅོལ་སོགས་ཁྱོན་བསྡོམས་རྒྱལ་ཁབ་ཕྱི་ནང་གི་རྣམ་གྲངས་གལ་ཆེན18ལ་གཅིག་སྡུད་གན་རྒྱ་བཞག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་རྩ་འཛུགས་དང་། ཚོང་དོན་པུའུ་ཡི་འབྲེལ་ཡོད་ཐད་གཏོགས་ལས་ཁུངས། རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་ཁེ་ལས། ལས་རིགས་ཚོང་ཚོགས་བཅས་ཀྱི་འཐུས་མི་ཚོགས་འདུར་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།