སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཚེས་25ཉིན་གྱི་སྔ་དྲོར་པེ་ཅིང་དུ་མཇུག་བསྒྲིལ།
སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཚེས25ཉིན་གྱི་སྔ་དྲོར་པེ་ཅིང་དུ་མཇུག་བསྒྲིལ། གྲོས་ཚོགས་ལས“དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་སྔར་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐུལ་བ”གྲོས་དོན་བྱས་ཏེ་གྲོས་མོལ་སྲིད་གླེང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མཇུག་སྒྲིལ་གྲོས་ཚོགས་ལ་འགོ་འཛིན་མཛད་དེ་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་མགྱོགས་མྱུར་སྒོས་བཙུགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བར་སྒུལ་ཤུགས་ཆེན་པོ་བསྩལ། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་སྐོར་གྱི་དགོངས་པ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བའི་ཁྲོད་དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་གྱི་ཡང་དག་པའི་ཁ་ཕྱོགས་དམ་འཛིན་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་ལ་གོང་བཀུར་དང་། བཅོས་སྒྱུར་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར། རང་རྟོགས་སྒོས་བཅོས་སྒྱུར་ཁྲོད་ཞུགས་པ་བཅས་ཀྱི་སྒྲིལ་ཤུགས་ཆེན་པོ་རྒྱ་ཁྱབ་ཏུ་བསྡུ་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། མི་དམངས་སྲིད་གྲོས་ཀྱིས་དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གྱི་གནད་དོན་གཙོ་བོར་དམིགས་དགོས་པ་དང་། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་བའི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་ཁོག་དཔལ་འབྱོར་གྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ལས་འགན་བཀོད་སྒྲིག་བཅས་ལ་དམིགས་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། གྲོས་མོལ་ཐབས་འདོན་གང་ལེགས་བྱས་ཏེ། སྤུས་ཚད་མཐོ་བའི་འགན་སྒྲུབ་ལ་བརྟེན་ནས་དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་ལ་ཞབས་འདེགས་ཞུས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཐབས་ཇུས་དང་ནུས་ཤུགས་འདོན་དགོས། “གཅིག་སྡུད་བཞི”ཡི་བླང་བྱ་རྒྱུན་འཁྱོངས་དང་དོན་འཁྱོལ་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ངེས་ཤེས་བསྐྱེད་ཤུགས་ཆེ་རུ་གཏོང་བ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་བཟོ་བར་དམིགས་ནས་རྟོག་ཞིབ་སྲིད་གླེང་དང་། མི་དམངས་སྲིད་གྲོས་ཀྱི་བྱ་བའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྲིད་གྲོས་ཀྱི“དཔུང་སྡེ་གཉིས”འཛུགས་སྐྲུན་ཇེ་ལེགས་སུ་བཏང་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་སྨད་ཀྱི་འགན་སྒྲུབ་བྱ་བ་སོ་སོ་ལེགས་པར་བསྒྲུབ་དགོས།
གྲོས་ཚོགས་ལས་བཟོ་བཅོས་བྱས་རྗེས་ཀྱི《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་མོལ་བྱ་བའི་སྒྲིག་སྲོལ》དང《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་སྲོལ》ལ་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད། སུའུ་ཀུའེ་ཀོང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཨུ་ཡོན་དུ་གསབ་སྣོན་དང་། སུའུ་ཀུའེ་ཀོང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་ཚོགས་སྡོད་ཀྲུའུ་རིན་གཞོན་པར་བསྐོས། བློ་མཐུན་ཨོའུ་ཆིང་ཕིན་གྱིས་མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཚོགས་སྡོད་ཀྲུའུ་རིན་གཞོན་པའི་འགན་མི་འཁུར་པ་དང་། བློ་མཐུན་ཝང་ཝེ་ཡིས་ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ཀྱི་ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་གི་ཚོགས་སྡོད་ཀྲུའུ་རིན་གཞོན་པའི་འགན་མི་འཁུར་པ་དང་། ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ཀྱི་ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་ཁུར་པར་བསྒྱུར། གྲོས་ཚོགས་ལས་པི་ཅིན་ཆོན་གྱི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་དང་། དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་གོ་གནས་འཐེན་རྒྱུའི་སྐོར་དང་། དེའི་ཨུ་ཡོན་གྱི་ཐོབ་ཐང་ཕྱིར་འཐེན་རྒྱུའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་དབྱང་ཞའོ་ཝེ་ཡི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་གོ་གནས་ཕྱིར་འཐེན་རྒྱུའི་སྐོར་དང་། དེའི་ཨུ་ཡོན་གྱི་ཐོབ་ཐང་ཕྱིར་འཐེན་རྒྱུའི་སྐོར་གྱི་ཆོད་དོན་ལ་རྗེས་མཆན་བཀོད། ཐང་ཡུང་དང་ཏང་ཡན་པའོ། ལི་མིན་ཅི། ཅིང་ཡ་ཕིན། ཀུའོ་ཅི་ཧྥུ་བཅས་ཀྱི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཨུ་ཡོན་གྱི་ཐོབ་ཐང་ཕྱིར་འཐེན་རྒྱུའི་སྐོར་གྱི་ཆོད་དོན་ལ་རྗེས་མཆན་བཀོད།
མཇུག་སྒྲིལ་ཚོགས་འདུའི་རྗེས་སུ། ཚན་རིག་ལག་རྩལ་པུའུ་ཀྲང་དབྱིན་ཧི་ཅུན་གྱིས་གདན་ཞུ་ལྟར་ཁ་བྱང་ལ“ཚན་རྩལ་གསར་གཏོད་ལས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྐུལ་དགོས”ཞེས་པའི་སློབ་སྦྱོང་འཆད་ཁྲིད་བྱས།