ཟླ6ཚེས24ཉིན་ནས་ཚེས26ཉིན་བར། ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་ཚབ་ཚོགས་པ་མཚོ་སྔོན་ལ་ཡོང་ནས་རྟོག་ཞིབ་བྱས། ཚེས24ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཀུང་ཀྲིན་གྱིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པར་བཞུགས་མོལ་བྱས། ལུའོ་ཏུང་ཁྲོན་རྟོག་ཞིབ་བྱེད་སྒོར་ཞུགས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་བཅས་ཀྱི་ཚབ་བྱས་ཏེ་ཧྲང་ཧའེ་གྲོང་ཁྱེར་འཐུས་ཚབ་ཚོགས་པ་མཚོ་སྔོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་བྱེད་པར་ཡོང་བར་དགའ་བསུ་ཞུས། ཁོ་ཚོས་བསྟན་དོན། སྐབས་རིམ་བྱུང་གི་ཧྲང་ཧའེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་མ་དངུལ་དང་། རྣམ་གྲངས། འཇོན་མི་སོགས་ཀྱི་ཐད་སྒེར་སེམས་མེད་པའི་རོགས་སྐྱོར་གནང་སྟེ། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ལ་མེས་རྒྱལ་ཁྱིམ་གཞི་ཆེན་མོའི་དྲོད་སྐྱིད་ཚོར་ཐུབ་པར་བྱས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཕྱོགས་ནས། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་པའི་ཁ་ཕྱོགས་བརྒྱུད་ནས་མདུན་སྐྱོད་བྱེད་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པ་ལས་བྱུང་བའི་ཐོབ་དཀའ་བའི་གོ་སྐབས་དམ་འཛིན་བྱས་ཏེ། སྔར་ལས་བློ་བརྟན་འགྱུར་མེད་ཀྱིས་རང་འགུལ་ངང་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་མཉམ་འདྲེས་དང་ཞབས་འདེགས་ཞུ་རྒྱུ་དང་། བྱ་བ་གལ་ཆེན་དང་གནད་འགག་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན། ཧྲང་ཧའེ་དང་མཚོ་སྔོན་ས་གནས་གཉིས་ཀྱིས་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས། སློབ་གསོ་དང་སྨན་བཅོས་སྤུས་ཚད་མཐོར་འདེགས། རིག་གནས་ཡུལ་སྐོར་ནང་འདྲེན་འཕར་ཚད་ཇེ་མང་དུ་གཏོང་བ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མི་འདེམས་སྡེབ་སོགས་ཀྱི་ཐད་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་བཏང་ནས། ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱི་ཁ་གཏད་རོགས་སྐྱོར་བྱ་བ་དུས་སྐབས་གསར་པར་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
ཀུང་ཀྲིན་གྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཁྱབ་ཁོངས་སོ་སོའི་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་བླངས་ཡོད། མཚོ་སྔོན་ཞིང་ཆེན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་གཞིགས་ལེགས་པོ་དང་བྱེད་ཐབས་བཟང་པོ། མཚོ་སྔོན་གྱི་ལས་བྱེད་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁུར་བ་དང་མཐུན་སྒྲིལ་དང་བྱས་རྗེས་འཇོག་པའི་སྙིང་སྟོབས་ལ་ཧྲང་ཧའེ་ཡིས་སློབ་སྦྱོང་དང་དཔེ་ལྟ་བྱེད་འོས། ཧྲང་ཧའེ་དང་མཚོ་སྔོན་གྱི་མཛའ་བརྩེ་གཏིང་ཟབ་ལ། ཁ་གསབ་རང་བཞིན་དྲག་པོ་ལྡན་ཞིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ཁྲོད་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་ཡོད་པས། མཉམ་ལས་ཀྱི་བར་སྟོངས་རྒྱ་ཆེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ཚུན་ལ། ཧྲང་ཧའེ་ཡིས་བརྩེ་སེམས་རྣལ་མ་དང་སྟོབས་ཤུགས་ཅི་ཡོད་བཏོན་ནས་ཁ་གཏད་རོགས་སྐྱོར་ས་ཁུལ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱས་པས། ས་གནས་གཉིས་ཀྱི་མཉམ་ལས་ཐད་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད། ཧྲང་ཧའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། གྲོང་ཁྱེར་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག ཧྲང་ཧའེ་དང་མཚོ་སྔོན་གྱི་མཉམ་ལས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་འབྲི་རྒྱུ་ཡིན། ང་ཚོས་ནུས་ཤུགས་ཡོད་རྒུས་མགོ་ལོག་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་པ་དང་། ཐོན་ལས་ཟབ་སྒྱུར་དང་དམངས་འཚོའི་རོགས་སྐྱོར། འགྲོ་འོང་བརྗེ་རེས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན། ངཚོས་ལག་རྡང་སྦྲེལ་ནས་ཧྲང་ཧའེ་དང་མཚོ་སྔོན་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ལྗང་མདོག་སྒུལ་ནུས་མཉམ་དུ་ཇེ་དྲག་ཏུ་གཏོང་བ་དང་། གྲངས་འཛིན་སྤྲོད་ནུས་ལ་མཉམ་དུ་སྐུལ་འདེད་གཏོང་བ། སྒོ་འབྱེད་གནས་ནུས་མཉམ་དུ་མཐོར་འདེགས་སུ་བཏང་སྟེ། གཉིས་ཕན་མཉམ་རྒྱལ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་ཡིན།
མཚོ་སྔོན་དུ་སྡོད་པའི་སྐབས་སུ། འཐུས་ཚབ་ཚོགས་པ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་ཞུགས་པ་དང་། མགོ་ལོག་མཚོ་ཤར་སློབ་འབྲིང་གི་ལས་གཞི་འཛུགས་སྐྲུན་ཡུལ་དངོས་དང་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་། པད་མ་རྫོང་རྡོ་གོང་མ་ཡུལ་ཚོ་རྡོ་གོང་མ་སྡེ་བ། དར་ལག་རྫོང་གེ་སར་གླིང་ག་རི་བོ། དགའ་བདེ་རྫོང་མི་དམངས་སྨན་ཁང་། དགའ་བདེ་རྫོང་ཁྱད་ལྡན་འདེབས་འཛུགས་ཐོན་ལས་གསོ་སྤེལ་ལྟེ་གནས་བཅས་སུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་པར་མ་ཟད། ཁྱིམ་ཚང་དུ་སོང་ནས་དབུལ་ཐར་མང་ཚོགས་ལ་འཚམས་འདྲི་བྱས་ཤིང་། ཧྲང་ཧའེ་གྲོང་ཁྱེར་གྱི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིར་འཚམས་འདྲི་བྱས།
མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་། ཀྲུའུ་ཞང་ཧྥིན། ཁྲིན་ཅི་ཝེ་དང་། ཧྲང་ཧའེ་གྲོང་ཁྱེར་གྱི་འགོ་ཁྲིད་ཁྲིན་ཡུས་ཅན་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།