ཀྲུང་གོར་སྡོད་པའི་རྒྱལ་ཁབ་མང་པོའི་གཞུང་ཚབ་ཆེན་མོས་མཚོ་སྔོན་དུ་དངོས་བཅར་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་གོ་སྐབས་གསར་པའི་སྐོར་ནས་མཉམ་གླེང་བྱས།
2025.06.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས23ཉིན་ནས་ཚེས26ཉིན་བར་དུ། པོ་ཧའེ་དང་མོ་ཞི་ཁོ། ཀི་ལེན་ནཱ་ཏ་སོགས་རྒྱལ་ཁབ12ནས་ཡོང་བའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་དང་མཐོ་རིམ་ཕྱི་འབྲེལ་དཔོན། ཀྲུང་གོར་སྡོད་པའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་ཚབ་ལས་ཁུངས་ཀྱི་འགན་འཁུར་མི་སྣ22། འཇར་མན་དང་རྒྱ་གར། ཕ་ཁི་སི་ཐན། ཨ་ཧྥུའུ་ཧན་སོགས་རྒྱལ་ཁབ་ཀྱི་ཚོང་པའི་མཐུན་ཚོགས་དང་ཕྱི་རྒྱལ་ཁེ་ལས་ཀྱི་འཐུས་མི་བཅས་ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་སྐབས26པར་ཞུགས་ཏེ། དུས་ཡུན་ཉིན་བཞིའི་རིང་གི་ཡུལ་དངོས་རྟོག་ཞིབ་ལས་སྒོ་སྤེལ།

འཐུས་ཚབ་ཚོགས་པས་སྔ་ཕྱིར་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་བཤམས་སྟོན་ཁང་དང་ཧྲིན་ཡོན་ས་གདན་སྡེ་ཚོགས། ཟི་ལིང་ས་མཐོའི་མུ་ཏིག་ལྟ་སྐོར་ལྕོག་རིང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཡུལ་ཚོ་བདེ་སྐྱིད་སྡེ་བ། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བཅས་སུ་བསྐྱོད་དེ། ཡུལ་དངོས་སུ་སོང་ནས་འཚམས་འདྲི་བྱས་པ་བརྒྱུད། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་སྤེལ་གཏོང་བ་གཉིས་ཕན་འབྲས་ལྡན་པའི་སྒོ་ནས་སྦྲེལ་མཐུད་གང་ལེགས་བྱེད་ཀྱིན་པ་སོགས་ཐད་ཀྱི་གསར་གཏོད་ལག་ལེན་ལ་རྒྱུས་ལོན་ཞིབ་མོ་བྱས། མཚོ་སྔོན་གྱིས་སྐྱེ་ཁམས་སྔོན་ལ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། དག་གཙང་ནུས་ཁུངས་གསར་སྤེལ་དང་ཁྱད་སྟོབས་ཞིང་ཕྱུགས་ལས་རིགས་རིམ་སྤོར་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་ཅན་བླངས་པར་གཞུང་ཚབ་པ་ཚོས་གདེང་འཇོག་ཆེན་པོ་བྱས།

ད་ཐེངས་ཀྱི་ཡུལ་དངོས་འཚམས་འདྲིའི་བྱེད་སྒོ་འདིས་མཚོ་སྔོན་གྱི་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་མུ་མཐུད་ཟབ་སྤེལ་གཏོང་བར་སྟེགས་བུ་གལ་ཆེན་བསྐྲུན་ཡོད། ཕྱི་འབྲེལ་དཔོན་མང་པོས་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཉམས་མྱོང་དེ་དཔྱད་གཞིར་འཛིན་རིན་ཡོད་པ་དང་། རང་སོ་སོའི་རྒྱལ་ཁབ་དང་མཚོ་སྔོན་བར་ལྗང་མདོག་ནུས་ཁུངས་དང་དེང་རབས་ཞིང་ལས། རིག་གནས་ཡུལ་སྐོར། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། མི་གཞུང་རིག་གནས་བརྗེ་རེས་སོགས་ཁྱབ་ཁོངས་མང་པོའི་ཐད་དངོས་གཉེར་མཉམ་ལས་བྱས་ཏེ། རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་མཉམ་དུ་འཚོལ་ཞིབ་བྱ་རྒྱུའི་རེ་ལྟོས་ཆེ་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།