ཟླ6ཚེས27ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་ཡོང་ནས་དབྱར་དུས་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པའི་ཨེ་ཁྭ་ཏོར་གྱི་སྲིད་འཛིན་ནའོ་ཝོ་ཡ་ལ་མཇལ་འཕྲད་གནང་།
ཟླ6ཚེས27ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་ཡོང་ནས་དབྱར་དུས་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པའི་ཨེ་ཁྭ་ཏོར་གྱི་སྲིད་འཛིན་ནའོ་ཝོ་ཡ་ལ་མཇལ་འཕྲད་གནང་།
ཞིས་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨེ་ཁྭ་ཏོར་གྱི་བར་འབྲེལ་བ་བཙུགས་ནས་ལོ45འཁོར་བའི་ལོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བཟང་ཕྱོགས་སུ་འཕེལ་བཞིན་ཡོད། ཨེ་ཁྭ་ཏོར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཁྱིམ་གཞི་ཆེན་མོའི་ཁྲོད་ཞུགས་ཤིང་། ཕྱོགས་གཉིས་ཀྱིས་རང་མོས་ཉོ་ཚོང་གི་གྲོས་ཆོད་ལ་མིང་རྟགས་བཀོད་དེ། ནུས་ཁུངས་དང་གཏེར་ལས། གློག་ཤུགས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་སུ་ཕན་འབྲས་ལྡན་པའི་མཉམ་ལས་བྱས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་བའི་ཟུར་ཚད་ནས་ཀྲུང་གོ་དང་ཨེ་ཁྭ་ཏོར་གྱི་འབྲེལ་བ་གོང་འཕེལ་གཏོང་བཞིན་ཡོད་ལ། ཨེ་ཁྭ་ཏོར་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཨེ་ཁྭ་ཏོར་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨེ་ཁྭ་ཏོར་ཕྱོགས་གཉིས་ཀ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་ཀྱི་གྲོགས་པོ་བཟང་པོ་དང་ཐུན་མོང་འཕེལ་རྒྱས་ཀྱི་གྲོགས་པོ་དགའ་བོ་ལྟ་བུ་བྱེད་དགོས། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་སྣང་བྱེད་ས་གལ་ཆེན་ལ་མུ་མཐུད་དུ་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་དགོས་ལ། ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་བསྣན་ཏེ། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ཇེ་དྲག་ཏུ་གཏོང་དགོས། གཙོ་གནད་མཉམ་ལས་ལས་གཞི་དོན་འཁྱོལ་ལེགས་པོ་བྱས་ནས་གྲུབ་འབྲས་ཏན་ཏིག་ཐོབ་པར་སྐུལ་འདེད་གཏོང་བ་དང་ཕྱོགས་གཉིས་ཀྱི་ཉོ་ཚོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། སློབ་གསོ་དང་རིག་གནས། སྨྱན་བྱད། ན་གཞོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་བསྣན་ཏེ། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་དགོས། ཀྲུང་གོ་དང་ལ་ཏིང་མེ་གླིང་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ལེགས་པོ་བྱེད་པ་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཛའ་བརྩེར་སྐུལ་འདེད་བཏང་ནས། འཕེལ་རྒྱས་དར་སྤེལ་ལ་མཉམ་གཅིག་ཏུ་འཆར་འགོད་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ནུས་པ་འདོན་དགོས།
ནུའོ་ཝོ་ཡ་ཡིས་བསྟན་དོན། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་ཡིད་སྨོན་འཆོར་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམན་པ་བླངས་ཡོད། ཨེ་ཁྭ་ཏོར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་དུས་ཡུན་རིང་བོར་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁའི་ངང་མཉམ་ལས་རྒྱ་ཆེན་པོ་བྱས་ཤིང་། ཀྲུང་གོའི་ཕྱོགས་ཀྱིས་ཨེ་ཁྭ་ཏོར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པ་དེ། ཨེ་ཁྭ་ཏོར་ཕྱོགས་ཀྱིས་ནམ་ཡང་བརྗེད་མི་སྲིད། ཨེ་ཁྭ་ཏོར་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས། དཔལ་འབྱོར་ཉོ་ཚོང་གི་འགྲོ་འོང་ལ་ཤུགས་སྣོན་དགོས་ལ། ཚན་རྩལ་དང་རིག་གནས། སློབ་གསོ། ན་གཞོན་སོགས་ཁྱབ་ཁོངས་སུ་མཉམ་ལས་དམ་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་དགོས།
མཇལ་འཕྲད་གནང་རྗེས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཨེ་ཁྭ་ཏོར་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་མཉམ་གཅིག་ཏུ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཉམ་ལས་འཆར་འགོད》ལ་མིང་རྟགས་བཀོད་པར་བདེན་དཔང་བྱས།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།