རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས་ཉེར་བདུན་ཉིན་པེ་ཅིང་དུ་ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་གྲོས་གཙོ་པུའུ་ལང་ཕི་ཝེ་ལ་མཇལ་འཕྲད་གནང་།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས་ཉེར་བདུན་ཉིན་པེ་ཅིང་དུ་ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་གྲོས་གཙོ་པུའུ་ལང་ཕི་ཝེ་ལ་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། ཟླ་སྔོན་མར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་མ་ཁི་ལུང་དང་ཁ་པར་བཏང་ནས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་གནས་བབ་གསར་པའི་འོག་ཀྲུང་གོ་དང་ཧྥ་རན་སི་དང་། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དང་། དངོས་གཉེར་མཉམ་ལས་དང་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་མང་མཐུན་སྦྱོར་ལ་ཤུགས་བསྣན་ནས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་མཛའ་བརྩེའི་མཉམ་ལས་ཀྱི་ལེའུ་གསར་པ་མཉམ་དུ་བྲིས་ཏེ། ཀྲུང་གོ་དང་ཡོ་རོབ་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་འགྲོ་བར་བྱས་རྗེས་འཇོག་འདོད་ཡོད།
པུའུ་ལང་ཕི་ཝེ་ཡིས་བསྟན་དོན། ཚེས་ཉེར་དྲུག་ཉིན། ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་དང་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་ལམ་སྲོལ་ཚོགས་འདུ་ལས་གྲུབ་འབྲས་ལྡན་པའི་གླེང་མོལ་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་། མི་གཞུང་འགྲོ་འོང་། ཁོར་ཡུག་སྲུང་སྐྱོབ། སྐྱེ་དངོས་སྣ་མང་རང་བཞིན། རྒྱལ་སྤྱིའི་ལས་དོན་སོགས་ཀྱི་གྲོས་གཞིར་དམིགས་ནས་བརྗེ་རེས་ཟབ་མོ་བྱས། ཐུན་མོང་གི་འགྲན་སློང་མང་པོར་ཁ་གཏད་དེ། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་ཕྱོགས་དང་གྲོགས་པོའི་འབྲེལ་བ་རྒྱུན་འཛིན་བྱེད་པ་དང་། མཉམ་ལས་ཀྱི་འབྲེལ་ཟམ་སྔར་ལས་མང་བ་བསྐྲུན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གསོན་ཤུགས་རྒྱས་སུ་འཇུག་འདོད་ཡོད།
ཝང་ཡུང་། ཝང་ཏུང་ཧྥིན་སོགས་མཇལ་འཕྲད་ལ་ཞུགས།