ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་མཛད།
2025.06.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་མཛད་དེ། རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་ནས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། ནུས་ཕྱོད་ཆེན་པོའི་སྒོ་ནས་བྱ་བ་ཞིག་འགྲུབ་པར་བྱེད་ཅེས་པའི་གཙོ་གནད་དོན་ཚན་གྱི་རྒྱུན་རྣམ་ཅན་གྱི་སྐུལ་སྤེལ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་བཀོད་སྒྲིག་བྱས་པ་དང་། ཞིང་སྡེའི་གཞུང་ལམ་སྲོལ་ཡིག་གི་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ཐོག རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་འཚོགས་ཚུན་གྱི་ལོ་གཅིག་རིང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཏེ། ཚན་རྩལ་ཐད་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ལས་འགན་སོ་སོའི་དོན་འཁྱོལ་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་བཏང་ནས། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་གོམ་པ་བརྟན་པོ་སྤོས། ཚང་མས་འགན་འཁྲི་འཁུར་སེམས་དང་མཁོ་གནད་ཆེ་བའི་འདུ་ཤེས་འཛིན་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། དམིགས་འབེན་བརྟན་པོར་བཟུང་ནས་ལྷོད་གཡེང་མི་གཏོང་བ། ལོ་བཅུ་ལ་རལ་གྲི་གཅིག་བརྡར་བའི་གཏམ་རྒྱུད་ལྟར་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་ཀྱིས་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། ཚང་མས་ཆད་སྐྱོན་གསབ་པ་དང་། ལེགས་ཆ་ཇེ་ལེགས་སུ་བཏང་ནས་ཚན་རྩལ་གྱི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞན་ལས་མཆོག་ཏུ་གྱུར་བའི་ཁྱབ་ཁོངས་ཀྱི་སྔོན་ཐོན་གོ་གནས་སྲ་བརྟན་དང་ཇེ་མཐོར་གཏོང་བ། འགག་རྩའི་སྲོག་ཤིང་ལག་རྩལ་གྱི་འགག་སྒྲོལ་ཇེ་མགྱོགས་སུ་གཏོང་བ། འཕེལ་རྒྱས་ཀྱི་རང་དབང་དེ་རང་གི་ལག་ཏུ་དམ་པོར་འཛིན་དགོས། ཚང་མས་ཚན་རྩལ་གྱི་གྲུབ་འབྲས་དེ་དོན་དམ་པས་དངོས་ཡོད་འཚོ་བ་ནང་གི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་བ་དང་། རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི་ཁྲོམ་རའི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ། ཁེ་ལས་ནི་ཚན་རྩལ་གསར་གཏོད་བྱེད་པའི་གཙོ་ཤུགས་ཡིན་པའི་གོ་གནས་ལ་ཤུགས་སྣོན་པ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལམ་སྲོལ་ཐད་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཉིས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་བསྟན།

གྲོས་ཚོགས་ཐོག ནུས་ཕྱོད་ཆེན་པོའི་སྒོ་ནས་བྱ་བ་ཞིག་འགྲུབ་པར་བྱེད་ཅེས་པའི་བྱ་བ་ནི་འཇུག་སྒོ་ཆུང་བ་ཞིག་ནས་འགོ་བརྩམས་ཏེ་སྲིད་དོན་ཞབས་ཞུའི་འདུ་ཤེས་ཀྱི་འགྱུར་ལྡོག་དང་། འགྲོ་ལུགས་བསྐྱར་བཟོ། སྡེ་ཁག་མཐུན་སྦྱོར་བཅས་ལ་སྐུལ་འདེད་བཏང་བས་མང་ཚོགས་དང་ཁེ་ལས་ཀྱིས་བྱ་བ་སྒྲུབ་རྒྱུར་སྟབས་བདེ་བསྐྲུན་ཞིང་། ཚོང་གཉེར་ཁོར་ཡུག་ལེགས་བཅོས་དང་སྲིད་འཛིན་ནུས་ཕྱོད་ཇེ་ལེགས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་། ཚང་མས་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ནུས་ཕྱོད་ཆེན་པོའི་སྒོ་ནས་བྱ་བ་ཞིག་འགྲུབ་པར་བྱེད་ཅེས་པའི་གཙོ་གནད་དོན་ཚན་ཕྱོགས་ཡོངས་ནས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་། མང་ཚོགས་དང་ཁེ་ལས་ཀྱིས་བཏོན་པའི་འབུར་ཐོན་གནད་དོན་དང་ཟུང་འབྲེལ་བྱས་ནས་སྒྲུབ་ཐུབ་པའི་དོན་ཚན་ཁྱབ་ཁོངས་ལེགས་སྒྱུར་དང་རྒྱ་སྐྱེད་གཏོང་བ། ས་གནས་སོ་སོས་ཡུལ་བབ་དང་བསྟུན་ནས་ཁྱད་ཆོས་ལྡན་པའི་དོན་ཚན་མང་དུ་གཏོང་རྒྱུར་སྐུལ་མ་གཏོང་བ་དང་། དངུལ་ཁང་དང་སྨན་ཁང་། གློག་འཕྲིན་སོགས་སྤྱི་པའི་ཞབས་ཞུ་གཅིག་སྡུད་ངང་སྒྲུབ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ཚང་མས་གཞི་གྲངས་ལག་རྩལ་ལ་བརྟེན་ནས་ནུས་ཤུགས་ཇེ་ཆེར་གཏོང་རྒྱུར་ཤུགས་སྣོན་པ་དང་། རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱི་ནུས་པ་མུ་མཐུད་འཐུས་སྒོ་ཚང་བར་གཏོང་བ། གཞི་གྲངས་ཀྱི་བཀག་རྒྱ་སེལ་བ་དང་། དྲ་གཅིག་ཀུན་སྒྲུབ་ལ་སྐུལ་འདེད་བཏང་སྟེ། ཞབས་ཞུའི་སྤུས་ཚད་དང་ལས་སྒྲུབ་ཉམས་ལེན་དོན་དམ་པས་ཇེ་ལེགས་སུ་གཏོང་དགོས་པ་བསྟན།

གྲོས་ཚོགས་ཐོག་ཞིང་སྡེའི་གཞུང་ལམ་སྲོལ་ཡིག་གི་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། ཆེད་དོན་སྲིད་འཛིན་ཁྲིམས་སྲོལ་བཟོས་ནས་ཞིང་སྡེའི་གཞུང་ལམ་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་གཏོང་བར་མཚོན་ན་དོན་སྙིང་གལ་ཆེན་ལྡན། ཚང་མས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས་ཞིང་སྡེའི་གཞུང་ལམ་གྱི་སྤུས་ལེགས་འཕེལ་རྒྱས་དེ་གནས་བབ་གལ་ཆེན་ཐོག་འཇོག་པ་དང་། ལག་རྩལ་ཚད་རིམ་གྱི་བླང་བྱ་དང་མི་མཐུན་པའི་ཞིང་སྡེའི་གཞུང་ལམ་ལ་གང་མགྱོགས་ངང་རིམ་སྤོར་སྒྱུར་བཀོད་བྱས་ནས་ཚད་གཞི་ལོན་པ་བྱེད་དགོས། ཚང་མས་འཛུགས་སྐྲུན་དང་དོ་དམ། བདག་སྐྱོང་། གཉེར་སྐྱོང་། བདེ་འཇགས་སོགས་ཀྱི་འགན་འཁྲི་གསལ་བོར་གཏོང་བ་དང་། མ་དངུལ་གཏོང་འཇོག་འགན་སྲུང་བྱེད་པ། ལམ་ཁོངས་ཁོར་ཡུག་གི་ཕྱོགས་བསྡུས་དག་ཐེར་ཧུར་ཐག་ངང་བསྒྲུབས་ཏེ་ཞིང་སྡེའི་གཞུང་ལམ་གྱི་བེད་སྤྱོད་གཏོང་ཡུན་རིང་དུ་གཏོང་དགོས་བསྟན།

གྲོས་ཚོགས་ཐོག་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།