ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་བསྐུར་ནས་ཁོང་ཚོར་ཐུགས་རེ་ཆེན་པོ་བཅོལ་གནང་ཡོད། ཞི་ཅིན་ཕིང་གི་འཕྲིན་ལན་ནང་། ཁྱེད་ཚོའི་འཕྲིན་ཡིག་མཐོང་སྐབས་ལོ་བཞིའི་གོང་ང་རང་ཀ་ལ་གྲོང་ཚོར་བསྐྱོད་པ་དེ་ཡིད་ལ་དྲན་བྱུང་། མཛེས་སྡུག་ལྡན་པའི་གྲོང་ཚོ་དང་སྤྲོ་སེམས་རབ་ཏུ་འཁོལ་བའི་གྲོང་མི་རྣམས་ཀྱིས་ང་རང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ཉེ་བའི་ལོ་འདི་ཤས་རིང་། གྲོང་ཚོའི་ནང་སླར་ཡང་འགྱུར་ལྡོག་གསར་པ་བྱུང་བ་དང་ཡུལ་མི་ཚོའི་ཡོང་འབབ་མང་དུ་ཕྱིན་པ་ཤེས་བྱུང་བས་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ཁྱེད་ཚོས་འཕྲིན་ཡིག་ནང་ཡག་པོ་བྲིས་འདུག་སྟེ། བྱང་སྐར་སྤུན་བདུན་ལ་བལྟས་ནས་བསྐྱོད་ན་ཁ་ཕྱོགས་མི་ནོར་བ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲང་ན་བདེ་སྐྱིད་ཐོབ་ཐུབ། ཁྱེད་ཚོས་ཏང་གི་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་བཟང་པོའི་འོག མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཡག་པོ་དང་། དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཡོད་ལ། གངས་ལྗོངས་ས་མཐོའི་རང་བྱུང་བཀོད་པར་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ། ཁམ་བུའི་མེ་ཏོག་གི་གྲོང་ཚོའི་སྤུས་རྟགས་སྔར་ལས་ལེགས་པ་གཏོད་པ་དང་། དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཆེན་པོ་ཡོད་ཅེས་ནན་གསུངས་གནང་ཡོད་པ་རེད།
སྤྱི་ལོ་2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ལྗོངས་སུ་རྟོག་ཞིབ་གནང་བར་ཕེབས་སྐབས་ཀ་ལ་གྲོང་ཚོའི་གྲོང་མི་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བར་ཕེབས་ཡོད། ཀ་ལ་གྲོང་ཚོ་ནི་གང་སར་ཁམ་བུའི་མེ་ཏོག་གིས་བརྒྱན་པས་སྐད་གྲགས་ཆོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ལྟར། ཉེ་བའི་ལོ་ཤས་རིང་གྲོང་ཚོ་དེས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་དང་། མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གྲུབ་འབྲས་གསར་པ་ཐོབ་སྟེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་མཉམ་སྡེབ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད། ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་ཞིང་། ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་གྲོང་ཚོའི་འཕེལ་འགྱུར་གྱི་གནས་ཚུལ་སྙན་སེང་ཞུས་པ་དང་། དྲིན་ཚོར་འབད་འཐབ་ཀྱིས་སྔར་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་ཆོད་སེམས་མཚོན་པར་བྱས་ཡོད་པ་རེད།