“བདུན་གཅིག”སྔོན་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་གི་སློབ་ཁྲིད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ། སྒྲིག་ཁྲིམས་བརྩི་སྲུང་ནན་མོ་བཅས་བྱས་ཏེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་བྱེད་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་། དུས་རབས་གསར་པའི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་གྱི“ཅིའི་ཕྱིར་དམ་འཛིན་བྱེད་པ་དང་། ཅི་ཞིག་དམ་འཛིན་བྱེད་པ། ཇི་ལྟར་དམ་འཛིན་བྱེད་པ་བཅས་ཀྱི་འགག་རྩའི་གནད་དོན་ལ་ལན་གཏིང་ཟབ་གནང་ཡོད། བསམ་བློའི་ངོས་ཐད་ནས་ཤེས་རྟོགས་དང་གསལ་འབྱེད་ཏན་ཏིག་བྱས་ཏེ། སྤྱོད་ཚུལ་གནད་དོན་གྱི་ངོ་བོ་ནི་ཏང་གཤིས་གནད་དོན་ཡིན་པ་དང་། སྲོག་ཤིང་ནི་ཏང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཡིན་པ། གནད་འགག་ནི་རུལ་སུངས་མཉམ་བཤེར་མཉམ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པས། ངེས་པར་དུ་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། དགེ་བརྩོན་ཡར་ཐོན་གྱི་སྤྱི་ཚོགས་ཀྱི་གོམས་གཤིས་ཆགས་པར་བྱ་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་ལས་འགན། འགན་འཁྲི་བཅས་དམིགས་བསལ་ཡིན་པས། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་། ཞིན་ཅང་དང་བོད་ལྗོངས་བརྟན་པོ་ཡོང་བའི་འཐབ་ཇུས་ཀྱི་གོ་གནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཀའ་ཚེགས་ཆེ་བའི་ལས་འགན། ཏང་དོ་དམ་དང་དཔོན་པོའི་སྲོལ་ལུགས་ཀྱི་ལག་ལེན་གྲུབ་འབྲས་བཅས་ཀྱི་ཐོག་ནས་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ལག་ལེན་གལ་ཆེན་ལ་ངོས་འཛིན་བྱེད་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་ཇེ་བརྟན་དུ་བཏང་ནས། ཕུགས་འདུན་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། དམིགས་ཡུལ་དང་འདུ་ཤེས་བརྟན་པོ་འཛུགས་པ། འགན་འཁྲི་འཁུར་ཕོད་པ། སྒྲིག་ཁྲིམས་སྒྲིག་སྲོལ་ནན་མོ་བཅས་བྱས་ཏེ། “སྤྱོད་ཚུལ་གྱི་གནད་དོན་ནི་གནོད་དོན་ཆུང་བར་འདོད་པ་དང་། ཁྱད་པར་སྨྲ་བ། ཁ་གསབ་སེམས་ཁམས། མང་ཚོགས་དང་མཉམ་སྐྱོད་མི་བྱེད་པ་དང་མཉམ་གནས་བྱེད་དཀའ་བ། དཔོན་པོ་བྱེད་འདོད་ཀྱང་བྱ་བ་སྒྲུབ་མི་འདོད་པ། དབང་ཆ་ལེན་འདོད་ཀྱང་འགན་འཁྲི་འཁུར་མི་འདོད་པ། མིང་དུ་གྲགས་འདོད་ཀྱང་འབད་བརྩོན་བྱེད་མི་འདོད་པ། བཟའ་བཏུང་ལ་རོལ་བ་དང་ལྐོག་རྔན་སྟེར་བ་འཇིག་རྟེན་གྱི་འགྲོ་ལུགས་སུ་བརྩི་བ་བཅས་ཀྱི་ནོར་འཁྲུལ་ངོས་འཛིན་ལ་དག་བཅོས་ནན་མོ་བྱས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དངོས་སུ་ལག་བསྟར་ནན་མོ་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྤྱོད་ཚུལ་འཛུགས་སྐྲུན་གྱི་ཕན་འབྲས་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་རྒྱུ་སྤུས་དང་ཐད་ཀར་འབྲེལ་བ་ཡོད་པས། ངེས་པར་དུ་ཏང་གཤིས་ཞུན་བརྡར་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོར་འཁུར་བ། གོང་དཔེ་འོག་སྟོན་བྱེད་པ། “སྤྱོད་ངན་བཞི”རྩ་བ་ནས་སེལ་བ། འགན་འཁྲི་ལག་བསྟར་བྱེད་མཁན་ལ་སྐུལ་ལྕག་བྱེད་པ་བཅས་ཀྱི་ཐོག་ནས་ཕན་འབྲས་བརྩོན་ལེན་བྱེད་པ་དང་། མུ་མཐུད་དུ་ནུས་ཤུགས་འདོན་པ་དང་སྙིང་རུས་ཀྱི་རྒྱུན་བསྐྱངས་ཏེ། ཞིང་ཆེན་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་ཏན་ཏིག་གི་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་སྟེ། སྤྱོད་ཚུལ་འགག་སྒྲོལ་གྱི་མཚོ་སྔོན་གྱི་དྲིས་ལན་བཏབ་ནས། སྤྱོད་ཚུལ་ནན་མོར་བརྟེན་ནས་བྱ་བ་སྣ་ཚོགས་ཀྱི་རྣམ་པ་གསར་པ་གཏོད་དགོས།
ཆེད་དོན་ཏང་གི་སློབ་ཁྲིད་བརྙན་རིས་གྲོས་ཚོགས་ཀྱི་རྣམ་པས་བསྡུས། ཞིང་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས། མི་དམངས་ཚོགས་པ་སོ་སོ་དང་མང་ཚོགས་ཚོགས་པ། མཐོ་རིམ་སློབ་གྲྭ། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་ཀྱི་ཏང་ཙུའུ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་སྨྱན་བྱད་བཅས་ཀྱི་འགན་ཁུར་བློ་མཐུན་ཞིང་ཆེན་གྱི་ཚོགས་ར་གཙོ་བོར་ཞུགས། གྲོང་ཁྱེར་སོ་སོ་དང་རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས།
ཤ་བོ་རིན་མཚོས་བསྒྱུར།