ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།
2025.07.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6པའི་ཚེས30ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབས་བྱས་ཤིང་། སློབ་སྦྱོང་སློབ་གསོ་དང་། ལྗང་གློག་གཅིག་འབྲེལ། ནུས་ཁུངས་གསར་པའི་འཕེལ་རྒྱས། བདེ་འཇགས་ཐོན་སྐྱེད་སོགས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་གཉིས་པའི་སྟེང་གི་གཙོ་དོན་གཏམ་བཤད་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། ཏང་ཀྲུང་དབྱང་གི་ཉེ་འཁོར་བྱ་བའི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཀྲུང་གོ་དང་ཨེ་ཤ་ཡའི་རྒྱལ་ཁབ་སོ་སོའི་བར་གྱི་ཐོན་ལས་དངུལ་གཏོང་དང་། མཉམ་འབྲེལ་མཉམ་སྒུལ། ལྗང་མདོག་གཏེར་ཐོན། དག་གཙང་ནུས་ཁུངས། སྐྱེ་ཁམས་ཁོར་སྲུང་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། མཛའ་འབྲེལ་ཞིང་ཆེན་དང་ཁུལ། མཛའ་འབྲེལ་གྲོང་ཁྱེར་བར་འབྲེལ་བ་བཟང་པོ་འཛུགས་པ་དང་འབྲེལ་བ་སྲ་བརྟན་དུ་གཏོང་བ། མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་ནུས་ཚད་ཇེ་ཆེར་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་གྱི་ཁྱོན་ཡོངས་ལ་སྔར་ལས་ལེགས་པའི་ཞབས་འདེགས་ཞུ་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཉེ་ལམ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི་འབྲེལ་ཡོད་ཡིག་ཆ་དང་། གྲོས་ཚོགས། གསུང་བཤད་ཀྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་རྒྱུན་མཐུད་ངང་སློབ་སྦྱོང་གཏིང་ཟབ་བྱས་ཏེ། གནད་དོན་འཚོལ་ཞིབ་བྱ་བ་སྔར་ལས་དངོས་སྒྲུབ་གཏིང་ཟབ་ཏུ་གཏོང་བ་དང་། ཕྱིར་ལྟ་བྱེད་པའི་བྱ་བ་གཟབ་ནན་དང་དོན་དངོས་སྒོས་སྤེལ་བ། གཅིག་སྡུས་བཅོས་སྐྱོང་བྱ་བ་ནན་སྒྲུབ་ནན་འཛིན་བྱེད་པ་དང་། དོན་དངོས་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་ནས། སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། ཞིབ་བཤེར་ལ་ནུས་ཚད་ཡོད་པ། བཅོས་སྐྱོང་ལ་གྲུབ་འབྲས་ཡོད་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་དང་འཕྲལ་བསྟུན་དོ་དམ་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་གནད་འགག་འདི་དུས་ནམ་ཡང་དམ་འཛིན་བྱེད་དགོས་ཤིང་། ཁྱབ་ཁོངས་གཙོ་བོའི་གནད་འགག་གོ་རིམ་ལ་དམིགས་པ་དང་། བདེ་འཇགས་ཉེན་ཁའི་འགོག་རྐྱེན་འཚོལ་བཤེར་ལ་ཤུགས་སྣོན་པ། བདེ་འཇགས་ཐོན་སྐྱེད་རྩ་བ་ནས་བཅོས་སྐྱོང་བྱེད་པའི་ལོ་གསུམ་གྱི་མཁྲེགས་གཏོར་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དཀྲི་ནན་སྡོམ་བྱེད་པ་དང་། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལྗང་གློག་གཅིག་འབྲེལ་འཕེལ་རྒྱས་ལ་གོ་རིམ་ལྡན་པར་སྐུལ་འདེད་བཏང་སྟེ། ནུས་ཁུངས་གསར་པའི་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། རང་ཞིང་གི་ལྗང་གློག་ཚོང་རྟགས་ཀྱི་མཚན་སྙན་སྔར་ལས་ཇེ་ཆེར་གཏོང་བ་དང་། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་མྱུར་དུ་བསྐྲུན་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་གྱི་གནོད་འགོག་ཉེན་གཡོལ་གྱི་མི་སྣ་གནས་སྤོར་གྱི་གཏན་འབེབས་རེ་འགའ་དང་། མཚོ་སྔོན་ཞིང་ཆེན་གྱི་ལྗང་གློག་གཅིག་འབྲེལ་ལག་བསྟར་ཇུས་གཞིར་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་ཐོག་གྲོས་འཆམ་བྱུང་ཞིང་། མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་སྲོལ་ཡིག་གི་འཆར་ཟིན་དང་། མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་རིམས་འགོག་སྲོལ་ཡིག་བཟོ་བཅོས་གཏན་འབེབས་འཆར་ཟིན། མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲོལ་ཡིག་འཆར་ཟིན། མཚོ་སྔོན་ཞིང་ཆེན་གྱིརྒན་པའི་ཁེ་དབང་སྲུང་སྐྱོབ་སྲོལ་ཡིག་བཟོ་བཅོས་གཏན་འབེབས་འཆར་ཟིན་བཅས་ལ་གྲོས་བསྡུར་བྱས་པར་མ་ཟད་རྩ་དོན་ཐོག་གྲོས་འཆམ་བྱུང་ལ། གོ་རིམ་ལྟར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་བླང་བྱ་བཏོན།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།