ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཅིག་པའི་སྟེང་གསུང་བཤད་གལ་ཆེན་གནང་།
2025.07.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས30ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་དང་།  “སྤྱོད་ངན་བཞི”ཡོ་བསྲང་དང་བཅོས་སྐྱོང་བྱེད་པའི་ཡུན་ཕན་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བའི་ཐད་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཅིག་པ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ལ“བདུན་གཅིག”དུས་ཆེན་ལ་འཚམས་འདྲི་གནང་། ཁོང་གིས་སློབ་སྦྱོང་ལ་འགོ་འཛིན་གནང་སྐབས། རང་ངོས་གསར་བརྗེ་ནི་ང་ཚོའི་ཏང་གི་ཟིང་བཅོས་དར་རྒུད་ལོ་རྒྱུས་ཀྱི་དུས་འཁོར་ལས་བརྒལ་བའི་དྲིས་ལན་གཉིས་པ་ཡིན་ལ། སྤྱོད་སྟངས་དམ་འཛིན་ནས་འགོ་བཙུགས་ཏེ་ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེ་ཡི་ཉམས་མྱོང་གལ་ཆེན་ཞིག་ཡིན། ཏང་གི་རང་ངོས་གསར་བརྗེར་མུ་མཐུད་དུ་སྐུལ་འདེད་གཏོང་བ་ནས་འགོ་བརྩམས་ཏེ་ངོས་ཟིན་ཇེ་མཐོར་གཏོང་བ་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་བ། དབང་ཆ་ཚད་ལྡན་ངང་བཀོལ་བ། སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་པར་ལྟ་སྐུལ་ནན་མོ་བྱེད་པ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་སྒྲུབ་པ་སོགས་ཀྱི་ཐད་སྔར་ལས་དོན་འཁྱོལ་ཟབ་སྤེལ་བྱེད་དགོས་ཞེས་ནན་གྱིས་གསུངས།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གི་ཀྲུའུ་རིན་བློ་མཐུན་ཀྲའོ་པའོ་གོ་ཡིས་གནད་དོན་དེར་དམིགས་ནས་འགྲེལ་བཤད་བྱས་ཏེ་བྱ་བའི་གྲོས་འགོ་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་ཏན་གྱིས་ཉན་པར་མ་ཟད་དེའི་ཐད་ནས་གྲོས་བསྡུར་བྱས།

ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ཏང་ཀྲུང་དབྱང་གིས་ཡིད་ཆེས་བརྟན་གཏོང་གི་བྱེད་ཐབས་ཤིག་དང་། དུས་རབས་གསར་པའི་ནང་། ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་མཚོན་རྟགས་རང་བཞིན་གྱི་བྱེད་ཐབས་ཤིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་གཏན་འབེབས་དོན་ཚན་བརྒྱད་ནས་འགོ་བརྩམས་ཏེ་གནད་ཁེལ་གྱི་སྒྲིག་ལམ་ནན་མོ་འཛུགས་པ་དང་ཚད་བཀག་ནན་མོ་བཟོ་བ། གོང་གིས་འོག་རིམ་ལ་སྣེ་ཁྲིད་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྣེ་ཁྲིད་དེ་ལས་འགོ་རྩོམ་པ་རྒྱུན་འཁྱོངས་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ།  “སྤྱོད་ངན་བཞི”ཡོ་བསྲང་དང་བཅོས་སྐྱོང་བྱེད་པར་དམིགས་ནས་གཅིག་བསྡུས་སློབ་གསོ་དང་ཆེད་དམིགས་དག་ཐེར་བཅོས་སྐྱོང་རབ་དང་རིམ་པ་བྱས་ཤིང་། གནད་འགག་གི་ལས་དོན་ལ་ཞིབ་ཚགས་སྒོས་དམ་འཛིན་བྱེད་པ་དང་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པ། ལས་དོན་རེ་རེ་བཞིན་དམ་འཛིན་དང་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་པོར་འཛིན་པ། སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་སྲུང་། རུལ་སུངས་ལ་ངོ་རྒོལ་བྱེད་པ་བཅས་ཕན་ཚུན་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། སྔོན་ཆད་བཀག་འགོག་བྱ་མི་ཐུབ་སྙམ་པའི་སྤྱོད་ངན་མི་ཉུང་བ་ཞིག་བཀག་འགོག་བྱེད་རྒྱུ་དང་། ལོ་མང་པོའི་རིང་སེལ་དཀའ་བའི་གནད་དོན་ཚབས་ཆེན་མེད་པར་བཟོས་ནས། མང་ཚོགས་ཀྱིས་བསམ་འཆར་གང་མང་འདོན་བཞིན་པའི་གནད་དོན་མང་པོ་ཐག་བཅད་པར་བརྟེན། ཏང་སྲོལ་དང་སྲིད་སྲོལ་རྣམ་པ་གསར་རྐྱང་དུ་གྱུར་ནས། ཏང་གིས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ཞིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་དྲང་ཕྱོགས་ཀྱི་ནུས་པ་ཆེན་པོ་བསྣན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ང་ཚོའི་ཏང་གི་ཕྲག་ཏུ་བབས་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལས་འགན་ཧ་ཅང་ལྕི་ལ། མིག་མདུན་དུ་ལྷགས་པའི་སྲིད་སྐྱོང་གི་ཁོར་ཡུག་ཧ་ཅང་རྙོག་འཛིང་ཆེ་བའི་དབང་གིས། རང་ངོས་གསར་བརྗེའི་སྲོག་རྩ་འདི་ངེས་པར་དུ་སྔར་ལས་དམ་པོར་འཛིན་དགོས། ཏང་རྩ་འཛུགས་དང་ཏང་ཡོན་རྣམས་རིམ་པ་གང་དུ་ཡོད་པ་དང་། ལས་འགན་གང་ཞིག་འཁུར་ནའང་ཚང་མར་རང་ངོས་གསར་བརྗེ་བྱེད་པའི་འགན་འཁྲི་ཡོད། འགོ་ཁྲིད་ལས་བྱེད་པ་དང་ཁྱད་པར་དུ་མཐོ་རིམ་ལས་བྱེད་པས་རང་ཉིད་གསར་བརྗེའི་ཐད་ནས་སྔར་ལས་ཀྱང་རང་དཔེ་གཞན་སྟོན་བྱེད་དགོས་ཞེས་ནན་བཤད་གནང་།

ཞི་ཅིན་ཕིང་གིས་རང་ངོས་གསར་བརྗེ་གཏོང་བར་ངེས་པར་དུ་རྩ་བ་ཇེ་བརྟན་དུ་གཏོང་བ་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་དགོས། ཏང་གཤིས་ཇེ་དྲག་ཏུ་གཏོང་བར་ཕུགས་བསམ་དང་དད་མོས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ཏང་ལ་བློ་དཀར་དགོས། དམངས་ལ་བཅངས་པའི་བརྩེ་སེམས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཀུན་སྤྱོད་དང་གཤིས་རྒྱུད་དྲང་དགོས་ལ། སྲིད་གཙང་དྲང་གཞག་རྒྱུན་འཁྱོངས་བྱེད་དགོས། གཞུང་ལུགས་ཀྱིས་ངེས་ཤེས་བསྐྱེད་པར་ཤུགས་བསྣན་ནས། གུང་ཁྲན་ཏང་མིའི་བསམ་པའི་དོན་གཉེར་བརྟན་སྲུང་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་ཁྲོད་འབད་པས་ཞུགས་ནས། ལས་སྒྲུབ་ལས་སྐྲུན་ཁྲོད་འབད་འཐབ་ཀྱི་མི་ཚེ་ཞུན་བརྡར་བྱས་ཏེ། དམངས་ལ་བདེ་སྐྱིད་བསྐྲུན་པའི་ཁྲོད་ཀུན་སྤྱོད་ཀྱི་གོ་རྟོགས་ཇེ་མཐོར་གཏོང་དགོས་ལ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་འབད་པས་ཞུགས་ནས། རང་སྐྱོན་རང་བཤེར་བྱེད་ཕོད་དགོས་ལ། ཏང་རྩ་འཛུགས་ཀྱི་སློབ་གསོ་དང་ཕྱོགས་སོ་སོའི་ལྟ་སྐུལ་རང་རྟོགས་སྒོས་དང་ལེན་བྱེད་དགོས། མི་འདེམས་སྤྱོད་ཐད་ནས་ཏང་གཤིས་དབྱེ་འབྱེད་ལ་ཤུགས་སྣོན་པ་དང་། ལས་བྱེད་པའི་བསམ་བློའི་འཁྱེར་སོ་དང་བློ་དཀར་སྤྱོད་གཙང་ཐད་དོ་སྣང་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པར་ངེས་པར་དུ་དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་གཏོང་དགོས། དབང་སྐུར་དབང་སྤྱོད་དབང་སྡོམ་སོགས་ཕན་ཚུན་གཅིག་གྱུར་དང་ཕྱི་གསལ་ནང་གསལ་གྱིས་ཁུངས་འདེད་ཐུབ་པའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས། དབང་ཆ་བཀོལ་སྤྱོད་ཐད་ཀྱི་སྐྱོན་འཚོལ་བ་དང་ལམ་ལུགས་ཀྱི་ཞན་ཆ་ཁ་གསབ་བྱེད་དགོས།  ལམ་ལུགས་ལག་བསྟར་ནན་མོ་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བརྒྱུད་རིམ་ཧྲིལ་པོར་དབང་ཆ་འཁོར་སྐྱོད་ལ་ལྟ་སྐུལ་བྱེད་དགོས། ཏང་ཡོན་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་དབང་ཆ་ཚང་མ་མི་དམངས་ཀྱིས་སྤྲད་པ་ཡིན་པ་བློ་ལ་བརྟན་པོར་ངེས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་གོང་བཀུར་ཡོད་པ་དང་རྩ་འཛུགས་ལ་གོང་བཀུར་ཡོད་པ། སྒྲིག་ཁྲིམས་ལ་གོང་བཀུར་ཡོད་པ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་སྒྲིག་ཁྲིམས་ལ་ལྟ་སྐུལ་ནན་མོ་བྱེད་རྒྱུ་ནི་ཏང་གི་རང་ངོས་གསར་བརྗེ་བྱེད་པའི་ལག་ཆ་རྣོན་པོ་ཞིག་ཡིན་པས། སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ངེས་པར་དུ་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་མི་དམངས་ཀྱི་ལྟ་སྐུལ་ཟུང་འབྲེལ་བྱས་ནས། མང་ཚོགས་ཀྱི་ལྟ་སྐུལ་དང་གླེང་ཕྱོགས་ལྟ་སྐུལ་གྱི“སོ་ལྟ་བའི”ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བྱས་ཏེ། ལྟ་སྐུལ་སྣ་ཚོགས་འབྲེལ་མཐུད་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་རྩ་འཛུགས་ཀྱི་རྒྱུན་ལྡན་གྱི་ལྟ་སྐུལ་ལ་ཤུགས་བསྣན་ནས། བརྟོལ་ཤུགས་དང་ནུས་ལྡན་རང་བཞིན་མཐོ་རུ་གཏོང་དགོས། སྤྱོད་སྟངས་དང་རུལ་སུང་ལ་མཉམ་བཤེར་མཉམ་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་། ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་མོ་དེ་བྱེད་ཐབས་ནན་མོ་ཞིག་ཏུ་བསྒྱུར་བ་དང་། སྒྲིག་སྲོལ་ནན་མོ་རུ་བཏང་ནས་ཏང་ཡོངས་ལ་ཐོག་མཐའ་བར་གསུམ་དུ་ནན་མོའི་བྱེད་ཕྱོགས་མཐར་ཕྱིན་བར་བྱས་ཏེ། བཟོད་སྒོམ་སྤུ་ཙམ་མི་བྱེད་པའི་བརྡ་རྟགས་བསྟན་ནས།  ཟིལ་གནོན་གྱི་ནུས་པ་ཐོན་པར་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཏང་གིས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་རང་བདག་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི། འགན་འཁྲི་འཁུར་མཁན་དང་པོའི་འགན་འཁྲི། “ལས་རྐང་གཅིག་ལ་འགན་འཁྲི་གཉིས”སོགས་ཀྱི་འགན་འཁྲིའི་འབྲེལ་ཐག་ཆ་ཚང་ཞིག་གྲུབ་ཡོད་པར་བརྟེན། འགན་འཁྲི་ཚང་མ་དོན་འཁྱོལ་ནན་མོ་བྱེད་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་ནི“གནད་འགག་ཉུང་ཤས”ཀྱི་རིགས་སུ་གཏོགས་པའི་དབང་གིས།  ཏང་གིས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་པ་དང་། རང་གཅུན་ནན་མོ་བྱེད་པ། རང་འགན་ནན་འཁུར་བྱེད་པ། མངའ་ཁོངས་ནན་སྐྱོང་བཅས་བྱས་ནས། རིམ་པ་རེ་རེ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱས་ཏེ། གཟབ་ནན་གྱི་ངང་ཚུལ་བསྐྲུན་རྒྱུ་དང་སྤྱོད་གཙང་གི་དར་སྲོལ་གྲུབ་པར་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་ཏང་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་དོན་འཁྱོལ་ཐད་ཏང་ཡོངས་ལ་མིག་དཔེ་སྟོན་དགོས་ཞེས་ནན་བཤད་གནང་།

ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་བརྒྱུད། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་ནན་ཏན་གྱིས་འཁུར་པ་དང་གནད་དོན་ལ་གདོང་གཏོད་ཕོད་པ། དག་ཐེར་གནད་ལ་འཁེལ་བར་སྐུལ་འདེད་གཏོང་བ་དང་། ཚུལ་མིན་གྱི་སྤྱོད་ངན་སྣ་ཚོགས་གཏན་འགོག་བཅས་བྱས་ནས། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། སློབ་སྦྱོང་སློབ་གསོ་ལེགས་སྒྲུབ་ལེགས་འགྲུབ་ཡོང་བར་བྱས་ཏེ་ཕན་འབྲས་དངོས་ཐོབ་པར་འགན་ལེན་བྱེད་དགོས་ཞེས་གསུངས།