ཞི་ཅིན་ཕིང་གིས་འགོ་འཛིན་གནང་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་བསྡུས།
2025.07.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ6པའི་ཚེས30ཉིན་གྲོས་ཚོགས་བསྡུས་ཏེ། 《ཏང་ཀྲུང་དབྱང་གི་ཇུས་ཆོད་གྲོས་དོན་མཐུན་སྦྱོར་ལས་ཁུངས་ཀྱི་བྱ་བའི་སྲོལ་ཡིག》ལ་གྲོས་ཞིབ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་གནང་།

གྲོས་ཚོགས་ལས་ཏང་ཀྲུང་དབྱང་གི་ཇུས་ཆོད་གྲོས་དོན་མཐུན་སྦྱོར་ལས་ཁུངས་འཛུགས་རྒྱུ་ནི་ཏང་ཀྲུང་དབྱང་གིས་བྱ་བ་གལ་ཆེན་ལ་གཅིག་སྡུད་གཅིག་གྱུར་སྒོས་འགོ་ཁྲིད་བྱེད་པ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ལས་འགན་གལ་ཆེན་དོན་འཁྱོལ་ལ་ཡར་སྐུལ་གཏོང་བའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན།  《ཏང་ཀྲུང་དབྱང་གི་ཇུས་ཆོད་གྲོས་དོན་མཐུན་སྦྱོར་ལས་ཁུངས་བྱ་བའི་སྲོལ་ཡིག》དངོས་སུ་བཟོས་ནས་བཏོན་པ་དེས། ཏང་ཀྲུང་དབྱང་གི་ཇུས་ཆོད་གྲོས་དོན་མཐུན་སྦྱོར་ལས་ཁུངས་འཛུགས་པ་དང་། འགན་འཁྲི་དང་འཁོར་སྐྱོད་བཅས་སྔར་ལས་ཚད་ལྡན་དུ་གཏོང་བ་དང་། ལས་དོན་གལ་ཆེན་གྱི་རྩེ་རིམ་ཇུས་འགོད་དང་གཅིག་འདོམས་མཐུན་སྦྱོར། སྤྱི་ཡོངས་ལ་སྐུལ་འདེད་གཏོང་བ། འགན་ནུས་དོན་འཁྱོལ་ལྟ་སྐུལ་བཅས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་ཐུབ་པའི་ངོས་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།

གྲོས་ཚོགས་ལས་ཏང་ཀྲུང་དབྱང་གི་ཇུས་ཆོད་གྲོས་དོན་མཐུན་སྦྱོར་ལས་ཁུངས་ཀྱིས་འགན་འཁྲིའི་ངེས་གནས་མ་ནོར་བའི་སྒོ་ནས་དམ་འཛིན་བྱེད་དགོས། དོན་ཆེན་ལ་འཆར་འགོད་འཐེན་པ་དང་དོན་ཆེན་ལ་གྲོས་སྡུར་བྱེད་པ། དོན་ཆེན་དམ་འཛིན་བཅས་རྒྱུན་འཁྱོངས་བྱས་ནས། ལས་དོན་གལ་ཆེན་ལག་བསྟར་བྱེད་པར་སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་སྤྱི་འདོམས་དང་མཐུན་སྦྱོར་ཡོང་བར་བྱེད་དགོས། སྤྱི་འདོམས་ལས་ཚབ་མི་བྱེད་པ་དང་འཐུས་ཚང་ཡོང་བར་བྱེད་པ་ལས་རང་བབ་ཀྱི་གནས་སྟངས་ལས་མི་བརྒལ་བར་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཇུས་ཆོད་གྲོས་དོན་གྱི་སྤུས་ཚད་ཕན་འབྲས་ཆེ་རུ་བཏང་ནས། དོན་དངོས་དང་མཐུན་ཞིང་སྤྱོད་སྒོ་ཆེ་བའི་སྲིད་ཇུས་བྱེད་ཐབས་འདོན་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནན་འགོག་བྱས་ནས། བྱ་བའི་ཕན་འབྲས་དངོས་བརྩོན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ལས་རིམ་གཞན་དག་ལའང་ཞིབ་འཇུག་བྱས།