ཟླ7པའི་ཚེས1ཉིན་པར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས13པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། 《མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་གསར་གཏོད་བྱེད་པའི་བགྲོད་ལམ་ལྡོག་མེད་ཅིག་ཡིན》ཞེས་པ་སྤེལ། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2016ལོའི་ཟླ10པ་ནས2025ལོའི་ཟླ4པའི་བར་གྱི་འབྲེལ་ཡོད་རྒྱས་བཤད་གལ་ཆེན་སྐོར་གྱི་གནད་བཏུས་རེད།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། སྟོབས་ཤུགས་ནི་མཐུན་སྒྲིལ་ལས་བྱུང་བ་དང་བདེ་སྐྱིད་ནི་འབད་འཐབ་ལས་བྱུང་བ་རེད། མཐུན་སྒྲིལ་འབད་འཐབ་བྱེད་ཐུབ་པའི་མི་རིགས་ལ་གཞི་ནས་མདུན་ལམ་ཡོད་པ་དང་། མཐུན་སྒྲིལ་འབད་འཐབ་བྱེད་ཐུབ་པའི་སྲིད་ཏང་གཞི་ནས་མི་ཕམ་པའི་གནས་སུ་འགྲེང་ཐུབ། ཀྲུང་གོ་མི་དམངས་ནི་རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས་དང་རླབས་ཆེན་གྱི་འབད་འཐབ་སྙིང་སྟོབས་ལྡན་པའི་མི་དམངས་ཡིན། ཏང་དང་མི་དམངས་ལ་ཐོབ་པའི་གྲུབ་འབྲས་ཐམས་ཅད་ནི་མཐུན་སྒྲིལ་འབད་འཐབ་ཀྱི་འབྲས་བུ་ཡིན་པ་དང་། མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱི་ཆེས་མངོན་པར་གསལ་བའི་སྙིང་སྟོབས་ཀྱི་མཚོན་རྟགས་ཡིན།
རྩོམ་ཡིག་ལས་བསྟན་དོན། འབད་འཐབ་ཀྱི་དམིགས་འབེན་གསལ་བོར་དམིགས་ནས་གྲུབ་པའི་མཐུན་སྒྲིལ་ནི་གཞི་ནས་ཆེས་སྲ་བརྟན་གྱི་མཐུན་སྒྲིལ་ཡིན་པ་དང་། མཐུན་སྒྲིལ་དམ་ཟབ་ལ་བརྟེན་ནས་སྤེལ་བའི་འབད་འཐབ་ནི་གཞི་ནས་ཆེས་ནུས་ལྡན་གྱི་འབད་འཐབ་ཡིན། སྐྱོད་ལམ་གསར་པའི་སྟེང་ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྔར་ལས་ལྷག་པའི་སྒོ་ནས་སེམས་ནུས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱ་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཀྱི་ཐུན་མོང་གི་ལས་དོན་ཡིན་ལ། ཉེན་ཁ་དང་འགྲན་སློང་གིས་ཁེངས་པ་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས་པའི་བརྗིད་ཉམས་ལྡན་པའི་ལས་དོན་ཞིག་ཀྱང་ཡིན་པས། ངེས་པར་དུ་མི་དམངས་ཡོངས་མཉམ་དུ་ཟབ་ཞུགས་བྱེད་པ་དང་མཉམ་དུ་འཛུགས་སྐྲུན་བྱེད་པ། མཉམ་དུ་ལོངས་སྤྱོད་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཡོངས་ཀྱིས་སེམས་མཐུན་རོགས་རེས་དང་བྱ་གཞག་ཆེན་པོར་མཉམ་དུ་གཞོགས་འདེགས་དམ་ཟབ་བྱེད་དགོས། ངེས་པར་དུ་ཀྲུང་ཧྭའི་བུ་དང་བུ་མོའི་མཐུན་སྒྲིལ་ཆེན་པོར་ཤུགས་བསྣན་ཏེ་ཆེས་རྒྱ་ཁྱབ་ཀྱི་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་ཡོད་ཚད་ལ་མཐུན་སྒྲིལ་དང་། སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་ཡོད་ཚད་སྐུལ་སློང་བྱས་ཏེ། ཚད་ཆེས་ཆེ་བའི་སྒོ་ནས་མཉམ་དུ་འབད་འཐབ་བྱེད་པའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས།
རྩོམ་ཡིག་ལས་བསྟན་དོན། བདེ་སྐྱིད་ཐམས་ཅད་ནི་འབད་འཐབ་ལས་བྱུང་བ་ཡིན་ལ། འབད་འཐབ་ནི་མ་གཞི་ནས་བདེ་སྐྱིད་ཡིན། མི་རིགས་བསྐྱར་དར་གྱི་འགན་འཁྲི་འབད་འཐབ་ལ་བརྟེན་ནས་མངོན་འགྱུར་བྱ་དགོས་པ་དང་། མི་ཚེའི་ཕུགས་བསམ་ཡང་འབད་འཐབ་ལ་བརྟེན་དགོས། འབད་འཐབ་ནི་དཀའ་ཚེགས་དང་ཡུན་རིང་། ཀྱག་ཀྱོག་བཅས་ཡིན་པས། ངེས་པར་དུ་དཀའ་ཚེགས་ཆེན་པོས་འབད་བརྩོན་བྱ་རྒྱུའི་གྲ་སྒྲིག་བྱ་དགོས། རང་རྒྱལ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་པ་དང་། བཅོས་སྒྱུར་འཕེལ་རྒྱས་ཏེ་འགག་སྒྲོལ་དཀའ་སེལ་གྱི་དུས་རིམ་གལ་ཆེན་དུ་གནས་ཡོད། མདུན་སྐྱོད་ཀྱི་ལམ་དུ་ང་ཚོའི་མདུན་དུ་འཐབ་རྩོད་གལ་ཆེན་མི་ཉུང་བ་ལྷགས་སྲིད། སྐོར་སྐྱིལ་དང་བཀག་སྡོམ། བཙན་གནོན་བཅས་ཀྱི་མདུན་དུ་ང་ཚོས་བློ་ཁོག་ཆེན་པོས་འཐབ་རྩོད་བྱ་དགོས། ངེས་པར་དུ་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་དང་། འཐབ་རྩོད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ། འཐབ་རྩོད་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། འཐབ་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་བ། འགྲན་སློང་གལ་ཆེན་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་ཉེན་ཁ་ཆེན་པོ་འགོག་པ། འགོག་རྐྱེན་ཆེན་པོ་སེལ་བ། འགལ་བ་གལ་ཆེན་ཐག་གཅོད་བཅས་བྱས་ཏེ། དུས་རབས་གསར་པའི་རླབས་ཆེན་འཐབ་རྩོད་ཀྱི་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་བརྩོན་ལེན་བྱ་དགོས།
རྩོམ་ཡིག་ལས་བསྟན་དོན། མཐུན་སྒྲིལ་འབད་འཐབ་ནི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་གསར་གཏོད་བྱེད་པའི་བགྲོད་ལམ་ལྡོག་མེད་ཅིག་ཡིན། ང་ཚོས་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་གསར་གཏོད་བྱས་ཡོད་ལ། ད་དུང་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་གི་མ་འོངས་པ་གཏོད་དགོས། ཏང་གི་འགོ་ཁྲིད་འོག་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ཀྱིས་མཐུན་སྒྲིལ་གཅིག་མཐུན་དང་བློ་སྟོབས་གཅིག་གྱུར་བྱས་ཏེ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པར་བྱས་ན། ང་ཚོ་མདུན་སྐྱོད་ཀྱི་ལམ་དུ་དཀའ་ངལ་དང་འགྲན་སློང་ཐམས་ཅད་ལས་རྣམ་པར་རྒྱལ་ཐུབ་པ་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་རྒྱུན་ཆད་མེད་པར་གོང་དུ་སྤེལ་ཐུབ་ངེས་ཡིན།
ཤ་བོ་རིན་མཚོས་བསྒྱུར།