རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་མཚོ་སྔོན་དུ་ཀྲུང་ཕྱིའི་གསར་འགོད་པའི་ཐུག་འཕྲད་ཚོགས་འདུ་བསྡུས།
2025.07.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6ཚེས30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགོད་པ་སུམ་ཅུ་ལྷག་རྩ་འཛུགས་ཀྱིས་མཚོ་སྔོན་དུ་མངགས་ཏེ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ཐད་བཅར་འདྲི་བྱེད་དུ་བཅུག དེའི་ཁྲོད་ཨ་མེ་རི་ཁ་དང་། འཇར་མན། སི་ཕེན། འཇར་པན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་ཀྱི་གསར་འགོད་པའང་ཐོན་ཡོད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་གིས་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད་ཀྲུང་ཕྱིའི་གསར་འགོད་པའི་དྲི་བར་ལན་བཏབ།

མཚོ་སྔོན་ནི་ཀྲུང་ཧྭའི་ཆུ་མཛོད་དང་། རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་ཐེངས་གསུམ་ལ་རྟོག་ཞིབ་མཛད་ཅིང་། ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་གཏན་འཁེལ་མཛད་ཡོད།  མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་མངགས་བཅོལ་ཡིད་ལ་བཟུང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས།  དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་ཆེད་གོམ་སྟབས་བརྟན་པོ་སྤོ་བཞིན་ཡོད།

ད་ལོ་ནི་རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བཏོན་ནས་ལོ་ཉི་ཤུ་འགོར་བའི་ལོ་ཡིན། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་རྟོག་ཞིབ་ལ་ཕེབས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན་པ་ཡིད་ལ་དམ་པོར་འཛིན་པ། ནུས་ཤུགས་གཅིག་བསྡུས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད། ལྗང་མདོག་ཐཱན་ཉུང་གི་ཐོན་ལས་མ་ལག་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་མྱུར་དུ་བསྐྲུན་ནས། ལྗང་མདོག་འཕེལ་རྒྱས་ཀྱི་གསོན་ཤུགས་མུ་མཐུད་ཤུགས་དྲག་ཏུ་གཏོང་རྒྱུ་ཡིན། རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི་ཚུལ་སྒྱུར་ཐབས་ལམ་མྱུར་དུ་མངོན་འགྱུར་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་སྐྱེ་ཁམས་མཛེས་ཤིང་། སྐྱེ་ཁམས་ལ་བྱེད་ནུས་ལྡན་པ། སྐྱེ་ཁམས་ཀྱིས་མི་དམངས་ཕྱུག་པོར་བསྒྱུར་བའི་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་སྔར་ལས་ཡངས་པོར་འབྱེད་རྒྱུ་རེད། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གསར་འགྱུར་ཅུའུ་ཡི་འབྲེལ་ཡོད་བློ་མཐུན་གྱིས་ཐུག་འཕྲད་ཚོགས་འདུར་འགོ་འཛིན་བྱས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། ཞིང་ཆེན་ནུས་ཁུངས་ཅུའུ། ཞིང་ཆེན་ནགས་རྩྭ་ཅུའུ་སོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོས་གསར་འགོད་པའི་དྲི་བར་ལན་བཏབ།

རིག་འཛིན་སྒྲོལ་མས་བསྒྱུར།