ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ས་ཁུལ་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་སྡེ་མི་ཡོངས་ལ་འཕྲིན་ཡིག་སྤྲིངས་ཏེ། ཚང་མས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་དོན་ལྡན་བྱས་ནས་སྔར་ལས་བདེ་སྐྱིད་ལྡན་ལ་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་དགོས་པའི་ཐུགས་རེ་བཏོན། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱིས་མི་སེམས་ལ་དྲོད་ཁོལ་སྦྱིན། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། ལག་གདང་མཉམ་སྦྲེལ་དང་ཕན་ཚུན་ལ་ལྟ་སྐྱོང་བྱས་ཏེ། དར་རྒྱས་ཆེ་ལ་བརྟན་འཇགས་ཡིན་པའི་མེས་རྒྱལ་གྱི་མཐའ་མཚམས་བསྐྲུན་པར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་ཁྲོད། ལོ་བཞིའི་སྔོན་ལ་ཀ་ལ་གྲོང་ཚོར་ཕྱིན་པའི་བདེ་སྐྱིད་ཀྱི་ལོ་ཟླར་ཕྱིར་དྲན་བྱས་ཤིང་། ལོ་འདི་འགར་སྡེ་བར་འགྱུར་ལྡོག་གསར་པ་བྱུང་བར་དགའ་སྣང་ཆེན་པོ་སྐྱེས་པའི་ཚུལ་བསྟན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ས་ཁུལ་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་སྡེ་མི་ཟླ་བ་རྒྱལ་མཚན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ཐོས་རྗེས་ང་ལ་སེམས་འགུལ་ཆེན་པོ་ཐེབས། སྤྱི་ཁྱབ་ཧྲུའུ་ཅིའི་སེམས་སུ་ང་ཚོའི་གྲོང་ཚོ་ཐོགས་ཡོད་སྟབས། སེམས་སུ་དགའ་སྣང་ཆེན་པོ་སྐྱེས་བྱུང་ཟེར།
2021ལོའི་ཟླ7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལ་གཟིགས་ཞིབ་གནང་སྐབས་ཀ་ལ་གྲོང་ཚོ་རུ་ཕེབས་མྱོང་བར་མ་ཟད། ད་དུང་ཟླ་བ་རྒྱལ་མཚན་གྱི་ཁྱིམ་དུ་ཕེབས་མྱོང་བ་ལས་གཞན། ཁྱིམ་མི་རྣམས་དང་མཉམ་དུ་མགྲོན་ཁང་དུ་བསྡད་ནས་རྒྱུན་ལྡན་གྱི་ཁ་བརྡ་བྱས། ལོ་འགའ་འགོར་རུང་། ཟླ་བ་རྒྱལ་མཚན་གྱི་སེམས་སུ་དེ་དག་ཝ་ལེར་དྲན་བཞིན་ཡོད།
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ས་ཁུལ་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་སྡེ་མི་ཟླ་བ་རྒྱལ་མཚན་གྱིས་བཤད་རྒྱུར། ཐེངས་སྔོན་མར་སྤྱི་ཁྱབ་ཧྲུའུ་ཅི་རང་ཁྱིམ་དུ་ཕེབས་དུས། ཁོང་གིས་བྱིས་པ་སློབ་གྲྭར་སྐྱེལ་བ་དང་ཁྱིམ་གྱི་འཚོ་བ་སོགས་ཀྱི་གནས་ཚུལ་སྐོར་ནས་ཞིབ་འདྲི་གནང་། ང་ཚོར་མཚོན་ནའང་དེ་ནི་སྐུལ་ལྕག་ཆེན་པོ་ཞིག་ཡིན་ལ། ང་ཚོས་དུས་རྒྱུན་པར་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བ་ནང་ལྟར་འབད་བརྩོན་བྱེད་བཞིན་ཡོད། རང་ཁྱིམ་དུ་ཡང་བསྐྱར་ས་རྐོ་འཕྲུལ་འཁོར་ཞིག་ཉོས་ཡོད་ཅིང་བུ་མོ་སློབ་སྦྱོང་ལའང་ཤིན་ཏུ་བཟང་། བུ་ལུས་རྩལ་སློབ་གྲྭར་ཞུགས་ནས་རང་གི་ཕུགས་འདུན་མངོན་འགྱུར་བྱས། ང་ཚོས་སྔར་ལས་འབད་བརྩོན་བྱས་ཏེ་ཏང་གི་རྗེས་སུ་འབྲངས་ནས་འབད་པ་བྱ་ངེས་ཡིན་ཟེར།
ཟླ་བ་རྒྱལ་མཚན་ཚང་གི་འཚོ་བ་ཉིན་རེར་རྣམ་པ་མི་འདྲ་བ་རེ་མངོན་བཞིན་ཡོད་ཅིང་། སྡེ་བའི་འཕེལ་རྒྱས་ལའང་ཡར་རྒྱས་གསར་བ་བྱུང་ཡོད། ལོ་བཞིའི་རིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་དེད་དེ་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་ཤུགས་བསྣན་ནས་ཐུན་མོང་དཔལ་འབྱོར་གྱི་ཁྱབ་རྒྱ་སྔར་ལས་ཆེ་རུ་བསྐྱེད། ན་ནིང་སྡེ་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་བཞི་ཁྲི་ཆིག་སྟོང་ཉིས་བརྒྱ་རུ་བསླེབས་པ་དང་། 2020ལོ་དང་བསྡུར་ན་སྒོར་ཆིག་ཁྲི་ལ་ཉེ་བ་འཕར། སྡེ་བར་ད་དུང“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཐུན་མོང་”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ། ད་ལོ་ནི་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ60འཁོར་བའི་ལོ་ཡིན་སྟབས། ཚང་མས་གྲོས་བསྡུར་བྱས་རྗེས། སྤྱི་ཁྱབ་ཧྲུའུ་ཅིར་འཕྲིན་ཡིག་བསྐུར་ནས་སྡེ་བའི་དགའ་འོས་པའི་འགྱུར་ལྡོག་སྙན་འབུལ་ཞུ་རྒྱུའི་ཐག་བཅད།
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ས་ཁུལ་ཉིང་ཁྲི་གྲོང་རྡལ་ཀ་ལ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཉི་མ་རྡོ་རྗེ་ཡིས་བཤད་རྒྱུར། འཕྲིན་ཡིག་འབྲི་སྐབས་རང་ཁྱིམ་ནས་ཞིབ་རྩིས་རྒྱག་པ་དང་འདྲ་ལ། ང་ཚོའི་གུས་པར་འོས་པའི་སྤྱི་ཁྱབ་ཧྲུའུ་ཅིར་སྐར་འབྲས་ཡག་པོ་ཞིག་སྤྲད་པ་དང་འདྲ། སྐར་འབྲས་འདི་དག་ནི་གུས་པར་འོས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ང་ཚོར་ཁྲིད་སྟོན་གནང་བ་དང་ཁ་འབྲལ་ཐབས་མེད་ལ། ཏང་དང་སྲིད་གཞུང་གིས་ང་ཚོར་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་དང་ཡང་ཁ་འབྲལ་ཐབས་མེད། བྱང་སྐར་སྤུན་བདུན་ནི་ང་ཚོར་མཚོན་ན་ཁྲིད་སྟོན་ཡང་དག་དེ་ཡིན། དེར་བརྟེན་བྱང་སྐར་སྤུན་བདུན་ལ་བརྟེན་ནས་ཏང་ལ་བཅངས་པའི་གུས་སེམས་མཚོན་འདོད་པ་ཡིན། ང་ཚོའི་ས་གནས་ཀྱི་གཏམ་དཔེ་སྟེ། “བྱང་སྐར་སྤུན་བདུན་གྱི་རྗེས་དེད་ན་ལམ་མི་ནོར་ལ། གུང་ཁྲན་ཏང་གི་རྗེས་འབྲངས་ན་བདེ་སྐྱིད་ཡོད”ཅེས་པ་ནང་བཞིན་ཡིན།
སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ལན་ཁྲོད་སྡེ་མི་རྣམས་ལ་རེ་བ་ཆེན་པོ་བཅངས། ཁོ་ཚོས་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་ནས་གངས་ལྗོངས་མཐོ་སྒང་གི་རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུའི་ཐུགས་རེ་བཏོན། ད་ལྟ་ཚང་མས་གྲོང་གསེབ་དར་སྤེལ་གཏིང་ཟབ་གཏོང་བའི་ཐད་ཇུས་འགོད་བྱེད་བཞིན་ཡོད། “ཡུལ་སྐོར་འཕར་མའི”བྱ་བ་ལེགས་པར་བསྒྲུབས་ནས་ལྗོངས་ཁུལ་གྱི་ཞབས་ཞུའི་སྤུས་ཚད་དང་རྨང་གཞིའི་སྒྲིག་ཆས་རིམ་སྤོར་བྱེད་པ་དང་། ཡུལ་སྐོར་ལྗོངས་རྒྱུའི་གནས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། “ཁམ་བུའི་མེ་ཏོག་གི་གྲོང”ཞེས་པའི་སྤུས་རྟགས་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། དུས་མཚུངས་སུ། ཉང་ཆུའི་ངོགས་སུ་སྐྱེ་ཁམས་སླར་གསོའི་ལས་གཞི་ལག་བསྟར་བྱས་ནས། འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་ཀྱིན་ཡོད།
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ས་ཁུལ་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་སྡེ་མི་ཚེ་རིང་དབང་རྒྱལ་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པའི་སྐད་ཆ་རེ་རེ་ངའི་སེམས་སུ་ཉར་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པ་ནང་བཞིན་འབད་བརྩོན་བྱེད་བཞིན་ཡོད། ཏང་གི་གསུང་ལ་ཉན་པ་དང་ཏང་གི་སྐུ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ཏེ། རང་གི་ལག་ཟུང་ལ་བརྟེན་ནས་སྔར་ལས་མཛེས་སྡུག་གི་འབྱུང་འགྱུར་བསྐྲུན་རྒྱུ་ཡིན་ཟེར།
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ས་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཏུའུ་ཞའོ་ཧྭ་ཡིས་བཤད་རྒྱུར། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་དགོངས་དོན་གྱི་བརྗོད་རྙིང་ལ་གོ་བ་གཏིང་ཟབ་ལེན་དགོས། བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་ཀྱི་དོན་ཆེན་བཞི་དང་དམ་དུ་འབྲེལ་ཏེ། གངས་ལྗོངས་མཐོ་སྒང་གི་རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། བདེ་སྡོད་ལས་བརྩོན་གྱི་འཆམ་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། དར་རྒྱས་བབརྟན་བརླིང་གི་མེས་རྒྱལ་གྱི་མཐའ་མཚམས་བསྐྲུན་པར་སྟོབས་ཤུགས་གང་ཡོད་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།
སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ནི་ཀ་ལ་གྲོང་ཚོའི་སྡེ་མིར་བཅངས་པའི་རེ་བ་ནན་མོ་ཡིན་པར་མ་ཟད། བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་སྐུལ་ལྕག་གནང་བའང་ཡིན། བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ60འཁོར་བ་འགོ་རྩོམ་ས་གསར་པར་བརྩིས་ཏེ། ཚང་མས་འཕྲིན་ལན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། གངས་ལྗོངས་མཐོ་སྒང་གི་ཡུན་སྐྱོང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་རྒྱུ་ཡིན་ཟེར།