ཟླ6པའི་ཚེས30ཉིན། ཞིང་ཆེན་ཏང་ཨུས་སློབ་སྦྱོང་སློབ་གསོའི་སྤྱི་ཚོགས་ལྟ་སྐུལ་པ་དང་ལྟ་ཞིབ་ས་ཚིགས་ལས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་བཅོས་སྐྱོང་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། གནད་དོན་དག་ཐེར་བཅོས་སྐྱོང་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཚོགས་ཐོག་ཏུ་ལྟ་སྐུལ་པས་འདྲི་རྟོགས་བྱས་པའི་གནད་དོན་དག་ཐེར་གནས་ཚུལ་ལ་དཔྱད་འཇོག་བྱས་པར་ཉན་ཞིང་། མཐུན་སྦྱོར་བརྗེ་རེས་ཤུགས་དྲག་ཏུ་བཏང་བ་དང་། དམངས་ཀྱི་རེ་འདོད་གེགས་མེད་ཡོང་བར་སྔར་ལས་ཤུགས་བསྣན་ནས། ལྟ་སྐུལ་གསལ་ཁྲ་དེ་གྲུབ་འབྲས་གསལ་ཁྲ་རུ་འགྱུར་བ་དང་། བཅོས་སྐྱོང་རྩིས་ཐོ་དེ་གྲུབ་འབྲས་རྩིས་ཐོ་རུ་འགྱུར་བར་ཁག་ཐེག་བྱས་ནས། གནད་དོན་ཐག་བཅད་པའི་དངོས་འབྲས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ཉམས་ལེན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་ཆེད་ཚན་ཀྲུའུ་རིན་ཀྲའོ་ཡུའེ་ཞ་ཚོགས་འདུར་ཞུགས་ནས་གཏམ་བཤད།
ཚོགས་འདུ་ལས་བསྟན་དོན། སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་ཏང་ཨུས་དངོས་སུ་བསྒྲགས་པ་དང་ཡོངས་སུ་བསྒྲགས་པ་རྒྱུན་འཁྱོངས་བྱས་ཏེ། ལྟ་སྐུལ་པ་དང་ལྟ་ཞིབ་ས་ཚིགས་སུ་དོན་དངོས་སྒོས་ཟབ་ཞུགས་དང་དོན་དངོས་ཐོག་འགན་ཁུར་བ་ལག་ལེན་དུ་བཏབ་ནས། མང་ཚོགས་ཉེ་གམ་གྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་སྐོར་ཞིག་ཐོག་གཅོད་པར་སྐུལ་འདེད་བཏང་། ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། དཀའ་གནད་འགག་སྒྲོལ་གྱི་ནུས་ཚད་རྒྱུན་མཐུད་ངང་ཇེ་ཆེར་བཏང་སྟེ། དོན་ཆེན་དང་དོན་དག་གལ་ཆེན་ལ་དམིགས་ནས་གནད་དོན་འཚོལ་བ་དང་། དག་ཐེར་ལ་སྐུལ་འདེད་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་བཏོན་པའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་། གནད་འགག་དང་གཙོ་གནད་ལ་དམིགས་ནས་གནད་དོན་འཚོལ་ཞིབ་དང་དག་ཐེར་ལ་སྐུལ་འདེད་བཏང་ནས། འབུར་ཐོན་གྱི་གནད་དོན་རིགས་བཞི་ནུས་ལྡན་སྒོས་ཐག་གཅོད་པ་དང་། དམངས་ཕན་འགུལ་སྐྱོད་ཁག་བདུན་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་། ཉམ་ཞན་གོ་རིམ་ལ་དམིགས་ནས་གནད་དོན་འཚོལ་བ་དང་དག་ཐེར་ལ་སྐུལ་འདེད་བཏང་ནས། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱེད་པ་དམ་འཛིན་དང་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་སོགས་ཕྱིར་འབྱུང་སླ་བའི་གནད་དོན་གཏིང་ནས་བཅོས་སྐྱོང་བྱས། མགོ་འབུས་སར་དམིགས་ནས་གནད་དོན་འཚོལ་ཞིབ་དང་དག་ཐེར་ལ་སྐུལ་འདེད་བཏང་ནས། གནད་དོན་དེ་ཐོག་མའི་རྣམ་པ་ནས་ཐག་གཅོད་ཐུབ་པར་ཤུགས་ཆེན་པོ་བཏོན། རྒྱུན་རྣམ་ཡུན་ཕན་ལ་དམིགས་ནས་གནད་དོན་འཚོལ་བ་དང་དག་ཐེར་ལ་སྐུལ་འདེད་བཏང་སྟེ། ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་པ་དང་། གནད་དོན་གཅིག་དག་ཐེར་བྱས་ན་རིགས་གཅིག་ཚད་ལྡན་དུ་གཏོང་བ་དང་། ཁོངས་གཅིག་བཅོས་སྐྱོང་ཐུབ་པར་བྱས། འགན་འཁྲི་དངོས་འབེབས་ལ་དམིགས་ནས་གནད་དོན་འཚོལ་ཞིབ་དང་དག་ཐེར་ལ་སྐུལ་འདེད་བཏང་ནས། འགན་འཁྲི་རིམ་པ་བཞིན་ནན་དཀྲི་ནན་སྡོམ་བྱས་ཏེ་སློབ་སྦྱོང་སློབ་གསོ་གཏིང་ཟབ་ནས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
རིག་འཛིན་སྒྲོལ་མས་བསྒྱུར།