“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་ན་གཞོན་ཁྱད་འཕགས་ཅན་གྱི་གླེང་སྟེགས་དང“གཙང་གསུམ་འབྱུང་ཡུལ་ལ་ཐབས་ཇུས་འདོན། མཚོ་སྔོན་གསར་པར་རོགས་འདེགས་བྱེད”ཅེས་པའི་ཤེས་ལྡན་མི་སྣའི་ལས་གཞི་སྦྲེལ་མཐུད་ཚོགས་འདུ་བསྡུས།
2025.07.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ7པའི་ཚེས1ཉིན། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་ན་གཞོན་ཁྱད་འཕགས་ཅན་གྱི་གླེང་སྟེགས་དང“གཙང་གསུམ་འབྱུང་ཡུལ་ལ་ཐབས་ཇུས་འདོན། མཚོ་སྔོན་གསར་པར་རོགས་རམ་བྱེད”ཅེས་པའི་ཤེས་ལྡན་མི་སྣའི་ལས་གཞི་སྦྲེལ་མཐུད་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྲོས་ཚོགས་སུ་ཞུགས།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་སྐུ་མགྲོན་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བཞིན་ཡོད་པ་དང་། སྐུ་དངོས་སུ་ང་ཚོར་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་འཆར་འགོད་གནང་ཡོད།     མཚོ་སྔོན་ལོ་རྒྱུས་སྟེང་གི་འཕེལ་རྒྱས་ཀྱི་དུས་སྐབས་ཆེས་ལེགས་པོར་སླེབས་ཏེ།    སྙན་གྲགས་སྔར་ལས་རྒྱས་པའི་དུས་སྐབས་བསུས་ཡོད་པ་དང་། རིགས་སོ་སོའི་ཤེས་ལྡན་མི་སྣས་ཡོན་ཏན་ངོམ་པ་དང་ཕུགས་འདུན་གཉེར་བར་ཚད་མེད་ཀྱི་བར་སྟོང་འདོན་སྤྲོད་བྱས་ཡོད།     མཚོ་སྔོན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དག་ཞིང་ཞིག་ཡིན།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཀྱིས་ས་གཞིའི་རྩི་ཤིང་བརླན་ཞིང་།    སྲོག་ཆགས་འབོར་ཆེན་བསྐྱངས་ཏེ།    ཚེ་སྲོག་གི་གསང་བ་བཀྲལ་ཡོད་ལ།   ང་ཚོས་རྒྱལ་ཁབ་ཀྱི་ཚབ་མཚོན་རང་བཞིན་དུ་གྱུར་ཞིང་འཛམ་གླིང་སྟེང་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་མཚོན་བསྐྲུན་རྒྱུར་འབད་བརྩོན་བྱས་ཏེ།    གཙང་ཆུ་སྔོན་མོ་ལྷུང་ལྷུང་ཤར་དུ་བཞུར་བར་བྱ་དགོས།  མཚོ་སྔོན་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བའི་གར་སྟེགས་ཡིན། ང་ཚོས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་བརྟེན་ནས།  ཐོན་ལས་ཀྱི“གནས་བཞི”བསྐྲུན་པར་ཚན་རྩལ་གྱི་ནུས་པ་འདོན་པ་དང་། ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱད་སྟོབས་གསར་པ་དང་འགུལ་ནུས་གསར་པ་བསྐྱེད་པ།    ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱེད་པ་བཅས་ཀྱི་ཐད་མཚོ་སྔོན་གྱིས་བྱས་རྗེས་ཆེན་པོ་བཞག་ཆོག     མཚོ་སྔོན་ནི་སྙིང་སྟོབས་དང་སྤྱོད་ཚུལ་སྦྱོང་བརྡར་བྱེད་པའི་མཐོ་ས་ཞིག་ཡིན།   ལོ་རྒྱུས་ཐོག་ཤེས་ལྡན་མི་སྣ་གྲངས་མེད་ཀྱིས་མི་སྒེར་གྱི་ཕུགས་བསམ་མཚོ་སྔོན་གྱི་འཕེལ་རྒྱས་དང་འདྲེས་པར་བྱས་ནས། བསམ་པའི་རྒྱུ་ནོར་རྩ་ཆེན་བསྐྱངས་པ་དེས་རྗེས་རབས་པ་གྲངས་མེད་པས་མེས་རྒྱལ་གྱི་ས་གཞི་ཆེན་པོ་རུ་བརྩོན་འགྲུས་ཀྱི་ས་བོན་འདེབས་པ་དང་། ཚན་རྩལ་གྱི་གྲུབ་འབྲས་དེ་དེང་རབས་ཅན་གྱི་རླབས་ཆེན་ལས་དོན་མངོན་འགྱུར་བྱེད་པའི་སྟེང་བཀོལ་བར་སྐུལ་མ་བྱེད་བཞིན་ཡོད། མཚོ་སྔོན་གྱི་མ་འོངས་པ་ནི་མི་ཚང་མར་དབང་བ་ཡིན་པས།    ཚང་མ་མཚོ་སྔོན་ལ་ཡོང་རྒྱུ་དང་།  མཚོ་སྔོན་ལ་རྒྱུས་ལོན་བྱ་རྒྱུ། མཚོ་སྔོན་གདམ་རྒྱུ་བཅས་ཀྱིས་རེ་བ་བཅངས་ཡོད་ལ། ང་ཚོས་ལག་གདང་སྦྲེལ་ནས་མ་འོངས་པ་མཉམ་དུ་བསྐྲུན་དགོས།

བྱ་འགུལ་ཁྲོད། “བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཝུའུ་ཐེན་དབྱི་དང་།   བཅིངས་འགྲོལ་དམག་སྒྲིག་ཆས་བཀོད་འདོམས་ལག་རྩལ་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཟུར་པ་ཧི་མའོ་ཀྲི།    ཀྲུང་གོ་ཚན་རིག་གླིང་སྐྱེ་ཁམས་ཁོར་ཡུག་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཧི་ཧུང་། ཀྲུང་གོ་ཚན་རིག་གླིང་སྐྱེ་དངོས་ཕྲ་རབ་ཞིབ་འཇུག་ཁང་གི་སའོ་ཀྲང་གཞོན་པ་ཝང་ཆི་ཧུའེ་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ། ལྗང་མདོག་རྩིས་ནུས་དང་ནུས་ཁུངས་ཐོན་ཁུངས། ཞིང་ཕྱུགས་ལས།  འཕྲོད་བསྟེན་བདེ་ཐང་སོགས་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣའི་ལས་གཞི606སྦྲེལ་མཐུད་བྱས་པ་དང་། འཐུས་ཚབ་རང་བཞིན་གྱི་ཤེས་ལྡན་མི་སྣའི་ལས་གཞི8ལ་ཡུལ་དངོས་སུ་གན་རྒྱ་བཞག

ཀྲའོ་ཡུའེ་ཞ་ཡིས་འགོ་འཛིན་བྱས་པ་དང་། ཝང་ཏ་ནན་དང་ལིའུ་ཁྲའོ་ཚོགས་འདུར་ཞུགས།     ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཧྥིན་ལིན་གྱིས་ཤིས་ཚིག་ཕུལ། གུང་གཞོན་ཚོགས་པ་ཀྲུང་དབྱང་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་སི་དང་ཅུའུ་ཡི་འགན་འཁུར་བློ་མཐུན།  ཆེད་མཁས་པ་གྲགས་ཅན་སྐོར་ཞིག་དང་རིམ་པ་མཐོ་བའི་ཤེས་ལྡན་མི་སྣའི་འཐུས་མི300ཚོགས་འདུར་ཞུགས།

ཤ་བོ་རིན་མཚོས་བསྒྱུར།