ཞི་ཅིན་ཕིང་གིས་འགོ་འཛིན་གནང་ནས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་བསྡུས།
2025.07.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་ཟླ7པའི་ཚེས1ཉིན་གྱི་སྔ་དྲོར་འགོ་འཛིན་གནང་ནས། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་བསྡུས་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་དང་རྒྱ་མཚོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་གནང་།  ཞི་ཅིན་ཕིང་གིས་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་སྐབས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་བྱེད་པ་ནི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ཡིན་པས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་།  མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས་སྐུལ་འདེད་ཀྱི་མཉམ་ཤུགས་གྲུབ་པར་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་རྒྱ་མཚོའི་དཔལ་འབྱོར་སྤུས་ཚད་མཐོ་བོའི་ངང་འཕེལ་རྒྱས་སུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱ་མཚོར་དམིགས་པའི་སྟོབས་ལྡན་བགྲོད་ལམ་སྟེང་བསྐྱོད་དགོས་ཞེས་ནན་གྱིས་གསུངས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཏེན་ཞུའེ་ཞང་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་བསྐྲུན་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་གཞི་རྩའི་བླང་བྱ་ནི“གཅིག་གྱུར་ལྔ་དང་སྒོ་འབྱེད་གཅིག”ཡིན་ལ།  ཁྲོམ་རའི་རྨང་གཞིའི་ལམ་ལུགས་གཅིག་གྱུར་དང་ཁྲོམ་རའི་རྨང་གཞིའི་སྒྲིག་བཀོད་གཅིག་གྱུར། སྲིད་གཞུང་གི་བྱ་སྤྱོད་ཚད་གཞི་གཅིག་གྱུར། ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྲིམས་བསྟར་གཅིག་གྱུར། རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཁྲོམ་ར་གཅིག་གྱུར་བཅས་བྱས་ནས། ཕྱི་ནང་གཉིས་ཀའི་སྒོ་འབྱེད་མུ་མཐུད་དུ་རྒྱ་བསྐྱེད་དགོས་ཞེས་བསྟན།

གྲོས་ཚོགས་ལས་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་ཅིས་ཀྱང་ཆེས་གཙོ་གནད་དང་དཀའ་གནད་ལ་དམ་པོར་དམིགས་ནས། ཁེ་ལས་ཀྱི་རིན་གོང་དམའ་བ་དང་གོ་རིམ་མེད་པའི་འགྲན་རྩོད་དེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་བཅོས་སྐྱོང་བྱེད་རྒྱུ་དང་། ཁེ་ལས་ཀྱིས་ཐོན་རྫས་ཀྱི་སྤུས་ཚད་ཇེ་བཟང་དུ་གཏོང་བར་ཁྲིད་སྟོན་བྱས་ཏེ། རྗེས་ལུས་ཐོན་ནུས་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱ་རྒྱུར་སྐུལ་འདེད་གཏོང་བ། སྲིད་གཞུང་གི་ཉོ་སྒྲུབ་དང་སུ་འཇོན་དེ་འགུག་ཚད་ལྡན་དུ་གཏོང་བ། དམིགས་འབེན་གཏན་འཁེལ་བྱུང་བའི་མཇུག་འབྲས་ལ་དྲང་གཞག་རང་བཞིན་གྱིས་ཞིབ་བཤེར་བྱེད་པར་ཤུགས་སྣོན་དགོས། ས་གནས་ཀྱི་ཚོང་འགུག་དངུལ་འདྲེན་ཚད་ལྡན་དུ་བཏང་ནས། ཚོང་འགུག་དངུལ་འདྲེན་གྱི་ཆ་འཕྲིན་གསལ་བསྒྲགས་ཐད་ཤུགས་སྣོན་པ་དང་། ཕྱི་ནང་ཉོ་ཚོང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱིར་གཏོང་ནང་ཚོང་དུ་བསྒྱུར་བའི་ཐབས་ལམ་གེགས་མེད་ཡོང་བ་བཅས་བྱས་ནས། ཕྱི་ནང་ཉོ་ཚོང་གི་སྤུས་ལེགས་ཁེ་ལས་སྐོར་ཞིག་གསོ་སྐྱོང་བྱེད་དགོས། ཁེ་ལས་དང་འབྲེལ་བའི་ཁྲིམས་ལག་བསྟར་གྱི་ཆེད་དོན་འགུལ་སྐྱོད་སྤེལ་ནས། ཁྲོམ་ར་གཅིག་གྱུར་ལ་ཕན་པའི་ནོར་ཁྲལ་སྒྲིག་སྲོལ་དང་བསྡོམས་རྩིས་ཞིབ་རྩིས་ལམ་ལུགས། ཡིད་རྟོན་མ་ལག་བཅས་འཐུས་ཚང་དུ་འཛུགས་དགོས། ལས་བྱེད་པར་ཡང་དག་གི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཆགས་པར་བྱེད་རྒྱུ་དང་ལག་བསྟར་ལ་ཁྲིད་སྟོན་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔྱད་ཞིབ་མ་ལག་དང་ལས་བྱེད་པའི་སྲིད་སྐྱོང་བྱས་རྗེས་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་རྒྱ་མཚོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གསར་གཏོད་ལ་སྔར་ལས་མཐོང་ཆེན་དང་། ཕན་ནུས་ཆེ་བའི་མཉམ་སྒྲུབ་ལ་སྔར་ལས་མཐོང་ཆེན་བྱེད་པ། ཐོན་ལས་གསར་སྒྱུར་ལ་སྔར་ལས་མཐོང་ཆེན་བྱེད་པ། མི་དང་རྒྱ་མཚོ་འཆམ་མཐུན་མཉམ་གནས་ཡོང་བར་སྔར་ལས་མཐོང་ཆེན་བྱེད་པ། མཉམ་ལས་མཉམ་རྒྱལ་ཡོང་བར་སྔར་ལས་མཐོང་ཆེན་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་རྒྱ་མཚོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དགོས། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་མ་རྩ་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁྲོད་ཟབ་ཞུགས་བྱེད་པར་བསྔགས་སྐུལ་དང་ཁྲིད་སྟོན་བྱེད་པ། རྒྱ་མཚོའི་ཚན་རྩལ་རང་བདག་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ། རྒྱ་མཚོའི་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་བ། རྒྱ་མཚོའི་ཚན་རྩལ་སྣེ་ཁྲིད་ཁེ་ལས་དང་ཆེད་ཞིབ་ཁྱད་གསར་ཁེ་ལས་ཆུང་འབྲིང་གསོ་སྐྱོང་དང་འཕེལ་རྒྱས་གཏོང་དགོས། རྒྱ་མཚོའི་ཐོན་ལས་སྟོབས་ལྡན་དང་རྒྱ་བསྐྱེད་དུ་བཏང་སྟེ། མཚོ་ཐོག་གི་རླུང་གློག་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱེད་པར་སྐུལ་བ། དེང་རབས་ཅན་གྱི་རྒྱང་རིང་རྒྱ་མཚོའི་ཉ་འཛིན་འཕེལ་རྒྱས་གཏོང་དགོས། རྒྱ་མཚོའི་སྐྱེ་དངོས་སྨན་རྫས་དང་སྐྱེ་དངོས་བཟོས་རྫས་འཕེལ་རྒྱས་གཏོང་བ། རྒྱ་མཚོའི་ཁྱད་ཆོས་ལྡན་པའི་རིག་གནས་དང་ཡུལ་སྐོར་དམིགས་ས་བསྐྲུན་དགོས། མཚོ་ཐོག་སྐྱེལ་འདྲེན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཚོ་ཁུག་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་ཞིབ་འཇུག་ལ་ཤུགས་སྣོན་པ། འགྲམ་རྒྱུད་ཀྱི་གྲུ་ཁའི་འདུས་ཚོགས་ལེགས་སྒྱུར་སྡེབ་སྒྲིག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། གཙོ་གནད་མཚོ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་མུ་མཐུད་ལག་བསྟར་བྱེད་དགོས། མཚོ་ཁོངས་རིམ་དགར་ལངས་གཟུགས་བེད་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས། རྒྱ་མཚོའི་ཐཱན་འདུས་ཞིབ་རྩིས་འཚོལ་ཞིབ་བྱེད་དགོས། འཛམ་གླིང་རྒྱ་མཚོའི་བཅོས་སྐྱོང་ཁྲོད་ཟབ་ཞུགས་བྱས་ནས་འཛམ་གླིང་རྒྱ་མཚོའི་ཚན་ཞིབ་བརྟག་དཔྱད་དང་། གནོད་འགོག་གནོད་འཕྲི་དང་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་དགོས་ཞེས་བསྟན།

ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།